ལི་ཁེ་ཆང་དང་ཝུན་ལའེ་ཡི་སུའུ་ཏན་ཧ་སང་ནེའར་གཉིས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཝུན་ལའེ་ཡི་སུའུ་ཏན་ཧ་སང་ནེའར་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་དྲན་གསོ་བྱས། 

ལི་ཁེ་ཆང་གིས་རྟེན་འབྲེལ་གློག་འཕྲིན་ནང་བསྟན་དོན། འདས་བའི་ལོ་འཁོར30ཡི་ནང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གིས་སྐྱིད་སྡུག་མཉམ་མྱོང་དང་འབད་འབུངས་མདུན་སྐྱོད་བྱས་ནས་རྒྱལ་ཁབ་ཁག་དང་ས་ཁུལ་སོ་སོ་བརྟན་ལྷིང་དང་དར་རྒྱས་ཡོང་ཆེད་བྱས་རྗེས་གལ་ཆེན་བཞག་ཅིང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཀྱི་ཚད་གཞི་དང་དཔེ་བཟང་བཏོད་ཡོད། ན་ནིང་ནས་བཟུང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱས་ནས་སོ་སྲུང་རོགས་རེས་དང་བདེ་སྡུག་མཉམ་གནས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྙིང་སྟོབས་སྔར་བས་མཚོན་ཡོད། 

ལི་ཁེ་ཆང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་མཚམས་གསར་བར་སླེབས་ཡོད། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་ཆུ་ཚད་སྔར་བས་མཐོ་བའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཏོད་ཅིང་། སྔར་བས་དམ་ཟབ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་ནས་འབྱུང་འགྱུར་ས་ཁུལ་དང་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ་ཕྱོགས་གཉིས་པོས་རྒྱལ་ཁབ11དང་མི་དམངས་དུང་ཕྱུར20ལྷག་ལ་བདེ་སྐྱིད་བསྐྲུན་འདོད་ཡོད། 

ཧྭ་སང་ནེའར་གྱིས་རྟེན་འབྲེལ་གློག་འཕྲིན་ནང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚབ་བྱས་ནས་ཕྱོགས་གཉིས་བར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་སྙིང་ཐག་པ་ནས་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བར་ལོ་འཁོར30ཡི་རིང་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་རོགས་ཟླའི་འབྲེལ་བར་གྱུར་ཡོད། ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་མཉམ་ལས་བྱས་ནས་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་རིག་གནས་སོགས་ཁྱབ་ཁོངས་ཁག་གི་འབྲེལ་འདྲིས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེས་ཕྱོགས་གཉིས་པོའི་མི་དམངས་ལ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐྲུན་པར་ཡིད་ཆེས་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།