ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་མནའ་འབྲེལ་བཟང་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་རྒྱུན་འཁྱོངས་བྱས། པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་རིམས་འགོག་བྱས་ཏེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་། ཀྲུང་གོས་མོང་གོལ་རྒྱལ་ཁབ་ཀྱི་རིམས་འགོག་ཐད་མུ་མཐུད་དུ་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད། མིག་སྔའི་གནས་བབ་འོག་ཏུ། རྒྱལ་ཁབ་གཉིས་བར་གྱི་ཐུན་མོང་ཁེ་ཕན་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀས་ཕན་ཚུན་གྱི་སྒེར་ཚུགས་དང་བདག་དབང་། རྒྱལ་ཁོངས་ཆ་ཚང་བཅས་ཀྱི་ཐད་བརྩི་མཐོང་བྱེད་རྒྱུ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་རང་མོས་ལྟར་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་ཕན་ཚུན་བརྩི་མཐོང་བྱེད་དགོས། དེ་མིན་ད་དུང་ཕན་ཚུན་གྱི་ཁེ་ཕན་གཙོ་བ་དང་དོ་ཁུར་བྱེད་ཡུལ་ཆེ་གྲས་ལ་རྒྱབ་སྐྱོར་དང་ལྟ་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་དུས་རབས་ཀྱི་ནང་སྙིང་འཛོམས་པར་བྱེད་པ་ལ་འབད་འབུངས་བྱེད་དགོས།

ཧུའུ་རི་ལེ་སུའུ་ཧི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཏེ་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས། དཀའ་སྡུག་གི་ཁྲོད་ནས་བརྩེ་བ་ངོ་མ་མངོན་ཡོད། མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོས་དཀའ་སྡུག་ཉམས་ཉེན་གྱི་སྐབས་སུ་རོགས་རམ་བྱས་པར་སྙིང་ཐག་པ་ནས་་བཀའ་དྲིན་ཆེ་ཞུས་པ་ཡིན། ཀྲུང་གོའི་འཕེལ་རྒྱས་ཆེན་པོས་མོང་གོལ་རྒྱལ་ཁབ་ལ་གོ་སྐབས་གལ་ཆེན་སྤྲད་དེ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།