ཞི་ཅིན་ཕིང་མཛའ་མཐུན་འགྲོ་འོང་དང་ལས་དབང་གཅིག་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕྱི་འབྲེལ་བྱ་འགུལ་གྱི་འཚམས་སྐྱེས་འགྲེམ་སྟོན་ལ་ཞུགས།

1127663465_16264418445881n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་དབྱང་འཚམས་སྐྱེས་རིག་དངོས་དོ་དམ་ལྟེ་གནས་སུ་ཕེབས་ཏེ། མཛའ་མཐུན་འགྲོ་འོང་དང་ལས་དབང་གཅིག་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕྱི་འབྲེལ་བྱ་འགུལ་གྱི་འཚམས་སྐྱེས་འགྲེམ་སྟོན་སྟེང་ཕེབས་ཏེ་ནན་གྱིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཕྱི་འབྲེལ་བྱ་འགུལ་གྱི་འཚམས་སྐྱེས་ལ་ལོ་རྒྱུས་ཀྱི་རིན་ཐང་དམིགས་བསལ་བ་དང་མི་ཆོས་རིག་གནས་ཀྱི་ནང་སྙིང་ཆེན་པོ་ལྡན་ལ། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བརྩེ་ཟབ་མོ་གཅིག་ཏུ་འདྲིལ་ཡོད་ཅིང་། དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་ལས་དོན་གྱིས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་བདེན་དཔང་བྱས། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་འཆར་འགོད་འཐེན་མཁན་གྱི་སྲིད་ཏང་ཞིག་དང་མིའི་རིགས་ཡར་རྒྱས་འགྲོ་བའི་ལས་དོན་ལ་འབད་འབུངས་བྱེད་མཁན་གྱི་སྲིད་ཏང་ཞིག་ཡིན། ང་ཚོས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་རྒྱལ་བཅས་ཀྱི་དར་ཆ་མཐོ་རུ་སྒྲེང་བའི་དུས་མཚུངས་སུ། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་ལྷན་དུ་མཛའ་བརྩེ་ཇེ་ཟབ་དུ་གཏོང་རྒྱུ་དང་བརྗེ་རེས་ལ་ཤུགས་བསྣན་ནས། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་དགོས། དེ་མིན་ད་དུང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་དགོས་ལ། རྒྱུད་གཅིག་ལམ་གཅིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་མཐར། ཀྲུང་གོའི་འཕེལ་རྒྱས་གསར་པ་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱེད་དགོས། ཐེངས་འདིའི་འགྲེམ་སྟོན་བརྒྱུད་དེ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཅན་བསྐྲུན་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཐེངས་འདིའི་འགྲེམ་སྟོན་གཟིགས་ཞིབ་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།