རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

“རང་གི་བགྲོད་ལམ་དུ་སྐྱོད་པ་ནི། ཏང་གི་གཞུང་ལུགས་ཡོངས་རྫོགས་དང་ལག་ལེན་གྱི་རྐང་ཚུགས་ས་ཡིན་ལ། ལྷག་པར་དུ་ཏང་གིས་ལོ་བརྒྱའི་འབད་འཐབ་ཁྲོད་བླངས་པའི་ལོ་རྒྱུས་ཀྱི་སྤྱི་བསྡོམས་ཡིན།” ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་ཏང་གིས་ལོ་ངོ་བརྒྱའི་རིང་ལ་གསར་འབྱེད་བྱས་པའི་རླབས་ཆེན་གྱི་བགྲོད་ལམ་དང་། གསར་སྐྲུན་བྱས་པའི་རླབས་ཆེན་གྱི་བྱ་གཞག དེ་ལས་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་བཅས་ལ་སྤྱི་སྡོམ་གཏིང་ཟབ་བྱས་ཏེ། “ལོ་རྒྱུས་མེ་ལོང་དུ་བཟུང་སྟེ། མ་འོངས་གསར་གཏོད་བྱེད་དགོས་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ངེས་པར་དུ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ”ནན་གྱིས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་དང་། བློས་གཏོང་འབོར་ཆེན་བྱས་ཏེ་བླངས་པའི་རྩ་བའི་གྲུབ་འབྲས་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡང་དག་བགྲོད་ལམ་ཡིན།”བརྒྱུད་པའི་ལམ་ལ་ཕྱིར་ལྟ་དང་། གཞན་གྱི་ལམ་དང་གཤིབ་བསྡུར་བྱེད་པ་དང་། མ་འོངས་འགྲུལ་བཞུད་ལ་རྒྱང་གཟིགས་བཅས་བྱས་ཏེ། ང་ཚོ་གང་ནས་ཆས་པ་དང་། གང་དུ་འགྲོ་བ་གསལ་པོ་ཤེས་ཚེ། ད་གཟོད་གནད་དོན་མང་པོ་ཞིག་ལ་རྒྱུས་ལོན་གསལ་པོ་བྱེད་ཐུབ་ལ་ཡང་དག་པར་ཁོང་དུ་ཆུད་ཐུབ་པ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་གནམ་ནས་ལྷུང་བ་མ་ཡིན་པར། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ40ཡི་རླབས་ཆེན་གྱི་ལག་ལེན་ཁྲོད་ཐོབ་པ་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་ངོ70ལྷག་གི་རྒྱུན་མཐུད་འཚོལ་ཞིབ་ཁྲོད་ཐོབ་པ་ཡིན། ང་ཚོའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་རླབས་ཆེ་བའི་སྤྱི་ཚོགས་བཅོས་བསྒྱུར་བྱས་པའི་ལོ་ངོ100ཡི་ལག་ལེན་ཁྲོད་ཐོབ་པ་ཡིན་ལ། ཉེ་རབས་ཚུན་ལ་ཀྲུང་ཧྭ་མི་རིགས་རྒུད་པ་ནས་དར་བའི་ལོ་ངོ180ལྷག་གི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོབ་པ་ཡིན་པ་དང་། ལོ་ངོ5000ལྷག་གི་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་དང་འཕེལ་རྒྱས་ཁྲོད་ཐོབ་པ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་མི་རབས་དུ་མ་ཞིག་གི་གུང་ཁྲན་ཏང་མིའི་ཕུགས་བསམ་དང་འཚོལ་ཞིབ་དང་། བགྲང་ལས་འདས་པའི་སྤྱོད་བཟང་ཕུགས་འདུན་ཅན་གྱི་མི་སྣའི་རེ་འདོད་དང་རེ་སྙེག མི་དམངས་ཁྲི་མ་འབུམ་གྱི་འབད་འཐབ་དང་བློས་གཏོང་གཅིག་ཏུ་བསྡུས་པ་བཅས་ལས་བྱུང་བས། ཉེ་རབས་ཚུན་གྱི་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་གདམ་ག་ཡིན། ལོ་རྒྱུས་དང་དངོས་ཡོད་ཀྱིས་ར་སྤྲོད་ལེགས་པོ་བྱས་ཡོད་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཀྱི་གཏན་ཚིགས་དང་མཐུན་པའི་རྩོད་སྒྲུབ་གཅིག་གྱུར་ཡིན་པ་དང་། ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་རྐང་ཚུགས་ཏེ། ཀྲུང་གོའི་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། ཀྲུང་གོ་དང་དུས་རབས་འཕེལ་རྒྱས་ཡར་ཐོན་འབྱུང་བའི་བླང་བྱར་མཐུན་པའི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཡིན་སྟབས། ལམ་འདི་ནས་འགྲོ་ཐུབ་ལ་རྒྱང་ཆོད་པ་ཞིག་ཡིན་པ་དེ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་ཀྱི་དཔལ་ཡོན་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བགྲོད་ལམ་གསར་པ་གསར་སྐྲུན་བྱས་པ་དང་། མིའི་རིགས་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་གཏོད་བྱས།”

ང་ཚོར་ངོས་ཟིན་ཟབ་མོ་ཞིག་བྱུང་ཡོད་པ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་ལྡོག་མེད་ཡིན་ལ། ཀྲུང་གོའི་མི་དམངས་ལ་སྣེ་ཁྲིད་དེ་རང་ཉིད་ཀྱི་བདེ་སྐྱིད་འཚོ་བ་གསར་སྐྲུན་བྱེད་པའི་བགྲོད་ལམ་ལྡོག་མེད་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི། ཏང་དང་མི་དམངས་ལ་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡང་དག་གཞུང་ལུགས་ཡིན་ལ། དུས་རབས་ཀྱི་མདུན་དུ་ལངས་ཏེ། དུས་བསྟུན་ལྷན་སྐྱོད་བྱེད་པའི་ཚན་རིག་དང་མཐུན་པའི་གཞུང་ལུགས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི། དེང་རབས་ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ཡོང་བའི་རྩ་བའི་ལམ་ལུགས་ཀྱི་འགན་སྲུང་བཅས་ཡིན་སྟབས། ཀྲུང་གོའི་ཁྱད་ཆོས་གསལ་ཐག་ཆོད་ལ། ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་ལྡན་པ་དང་། རང་ཉིད་འཐུས་ཚང་དུ་གཏོང་བའི་ནུས་པ་སྟོབས་ཆེན་ལྡན་པའི་སྔོན་ཐོན་གྱི་ལམ་ལུགས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཆེས་ཟབ་པའི་བསམ་བློའི་འཚོལ་སྙེག་ཉར་ཡོད་ལ།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་རྟགས་མཚན་མཚོན་པ་དང་། ཀྲུང་གོ་མི་དམངས་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཡིན་པ་བཅས་ལ་ང་ཚོར་ངོས་ཟིན་ཟབ་མོ་བྱུང་ཡོད། འདི་གཞུང་ལུགས་ཀྱི་སྟེང་ནས་ཡང་དག་ཡིན་པ་བདེན་དཔང་བྱས་པར་མ་ཟད། ལག་ལེན་གྱི་སྟེང་ནས་ཀྱང་ཡང་དག་ཡིན་པ་བདེན་དཔང་བྱས་ཡོད། ད་ལྟའི་འཛམ་གླིང་དུ། སྲིད་ཏང་གང་ཞིག་དང་། རྒྱལ་ཁབ་གང་ཞིག མི་རིགས་གང་ཞིག་ལ་ཆེས་རང་རྟོན་ལྡན་པ་ཡིན་ཟེར་ན། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་། ཀྲུང་ཧྭ་མི་རིགས་བཅས་ཡིན་དགོས་པ་ལ་རྒྱུ་མཚན་ཁུངས་ལུང་གིས་ཁྱོགས་ཏེ་ཡོད། ཀྲུང་ཧྭ་མི་རིགས་ལ་ལོ་ངོ5000ལྷག་གི་ལོ་རྒྱུས་ཀྱི་འཕེལ་འགྲིབ་ཁྲོད་གྲུབ་པའི་འོད་སྟོང་འབར་བའི་དཔལ་ཡོན་ལྡན་ལ། ཀྲུང་གོ་གུང་ཁྲན་ཏང་ལ་ལོ་ངོ་བརྒྱའི་འབད་འཐབ་ལག་ལེན་དང་ལོ་ངོ70ལྷག་གི་སྲིད་སྐྱོང་རྒྱལ་སྤེལ་གྱི་ཉམས་མྱོང་ཡོད། ང་ཚོས་འབད་པ་ཆེན་པོས་མིའི་རིགས་ཀྱི་དཔལ་ཡོན་གྱི་ནུས་ལྡན་གྲུབ་འབྲས་ཡོད་ཚད་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱས་ཏེ། ནུས་ལྡན་བསམ་འཆར་དང་ཀུན་སློང་བཟང་བའི་སྐྱོན་བརྗོད་ཡོད་ཚད་དང་ལེན་བྱེད་མོད། “སློབ་དཔོན”ལྟ་བུའི་ང་རྒྱལ་བཟུང་སྟེ་མཛུབ་མོ་ཀེར་རྐྱང་གིས་སྟོང་བཤད་རྒྱག་པ་དེ་གཏན་ནས་དང་ལེན་མི་བྱེད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་རང་གིས་བདམས་པའི་བགྲོད་ལམ་གྱི་སྟེང་དུ་སྤོབས་པ་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་དེ། ཀྲུང་གོ་འཕེལ་རྒྱས་གཏོང་བའི་ལས་དབང་དེ་རང་གི་ལག་ནས་དམ་པོར་འཛིན་དགོས།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།དུས་རབས་ཀྱི་དུང་བརྡས་མི་ལ་ཡར་སྐུལ་བྱེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི། ང་ཚོས་རྒྱུན་ཆད་མེད་པར་ཅིས་ཀྱང་སྐུལ་སྤེལ་བྱེད་དགོས་པའི་རླབས་ཆེན་གྱི་བྱ་གཞག་ཡིན་ལ། ང་ཚོས་མ་འོངས་གསར་འབྱེད་བྱེད་པའི་རྩ་བའི་ཁག་ཐེག་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡང་དག་བགྲོད་ལམ་ཉག་གཅིག་པོ་འདི་ལ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ་དང་། བགྲོད་ལམ་དང་།གཞུང་ལུགས།ལམ་ལུགས། རིག་གནས་བཅས་ཀྱི་རང་རྟོན་ཇེ་བརྟན་དུ་བཏང་ནས། རྒྱུན་ཆད་མེད་པར་ཤེས་རྟོགས་ཡོད་པ་དང་། གསར་གཏོད་ཡོད་པ། གསར་སྐྲུན་ཡོད་པ། གོང་འཕེལ་ཡོད་པ་བཅས་བྱས་ན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ནམ་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་དུ་འཇུག་ཐུབ་ལ། རླབས་ཆེ་བའི་བགྲོད་ལམ་གསར་པའི་སྟེང་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་པ་ངེས་པར་གསར་སྐྲུན་བྱེད་ཐུབ་ངེས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།