ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་སྤྱི་བསྡོམས་གྲོས་ཚོགས་པེ་ཅིན་དུ་བསྡུས་པ།

ཞི་ཅིན་ཕིང་གིས་མཛའ་བརྩེ་ལྡན་པའི་ངང་ནས་རྟེན་འབྲེལ་བྱ་འགུལ་གྱི་གྲ་སྒྲིག་བྱ་བའི་ཕྱོགས་སོ་སོའི་འཐུས་མི་ལ་མཇལ་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་སྤྱི་བསྡོམས་གྲོས་ཚོགས་ཚེས13ཉིན་གྱི་སྔ་དྲོར་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ་མཛའ་བརྩེ་ལྡན་པའི་ངང་ནས་རྟེན་འབྲེལ་བྱ་འགུལ་གྱི་གྲ་སྒྲིག་བྱ་བའི་ཕྱོགས་སོ་སོའི་འཐུས་མི་ལ་མཇལ་འཕྲད་གནང་བ་དང་།ཁོ་ཚོར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་ཤིང་འཚམས་འདྲི་གནང་ལ།ཁོ་ཚོའི་དཀའ་སྤྱད་ཀྱི་བྱ་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཁས་ལེན་གང་ལེགས་མཛད་པར་མ་ཟད།ཚང་མས་ཡར་རྒྱས་བརྩོན་ལེན་བྱས་ཏེ་ཡང་བསྐྱར་གྲུབ་འབྲས་ལེགས་པོ་ལེན་དགོས་པའི་སྐུལ་མ་བཏང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་ཝང་དབྱང་། ཀྲའོ་ལེ་ཅི།ཧན་ཀྲེང་བཅས་མཇལ་འཕྲད་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཕྱོགས་བསྡོམས་གྲོས་ཚོགས་སྟེང་གསུང་བཤད་གནང་།

ཚེས13ཉིན་གྱི་སྔ་དྲོའི་དུས་ཚོད11ཙམ་གྱི་སྟེང་།ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཕེབས་པ་དང་།ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་འཐུས་མི་རྣམས་ཀྱི་གྲས་སུ་ཕེབས་ཏེ་ཚང་མ་དང་མཉམ་དུ་མཛའ་བརྩེ་ལྡན་པའི་ངང་ནས་གླེང་མོལ་མཛད་ཅིང་དྲན་རྟེན་མཉམ་པར་བླངས།

ཉེ་སྔོན།ཞི་ཅིན་ཕིང་གིས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས།ཆེད་དུ་རྟེན་འབྲེལ་བྱ་འགུལ་གྱི་སྤྱི་བསྡོམས་སྙན་ཞུར་གསན་ཞིང་གསུང་བཤད་གལ་ཆེན་གནང་།ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་འདི་ནི་ཀྲུང་དབྱང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ས་ནས་བསྒྲུབས་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ།ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན།ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་རིམ་པ་སོ་སོ་དང་ཕྱོགས་སོ་སོའི་ཐུན་མོང་གི་འབད་བརྩོན་འོག རྟེན་འབྲེལ་བྱ་འགུལ་རྒྱ་ཆེ་ཞིང་བརྗིད་ཉམས་ལྡན་ལ།གོ་རིམ་ཚང་ཞིང་སྤྲོ་སྐྱིད་ལྡན་པ་ཞིག་བྱུང་བས།མཛད་སྒོའི་ཚོར་བ་དང་ཞུགས་པའི་ཚོར་བ།དེང་རབས་ཀྱི་ཚོར་བ་བཅས་མངོན་ཡོད་པ་དང་།ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ཉམས་འགྱུར་གྱིས་ཕྱུག་ཡོད་པས།བསམ་བློ་གཅིག་གྱུར་དང་ནུས་ཤུགས་གཅིག་སྒྲིལ།མི་སེམས་སྒུལ་བ།ངར་སེམས་སློང་བ་བཅས་ཀྱི་ནུས་པ་ཐོན་ཏེ་སྔོན་དཔག་གི་དམིགས་ཡུལ་དུ་སླེབས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན།ཐེངས་འདིའི་རྟེན་འབྲེལ་བྱ་འགུལ་དང་འབྲེལ་བའི་སྡེ་ཁག་མང་ཞིང་ཞུགས་པའི་མི་སྣ་རྒྱ་ཆེ་ལ།དུས་ཡུན་རིང་བ་དང་མཐུན་སྦྱོར་གྱི་དཀའ་ཁག་ཆེ་བས།རྟེན་འབྲེལ་བྱ་འགུལ་གྱི་མགོ་ཁྲིད་ཚན་ཆུང་དང་དེའི་བྱ་བའི་ལས་ཁུངས་སོ་སོ།འབྲེལ་ཡོད་ཕྱོགས་སོ་སོ་དང་ས་གནས་སོ་སོ་དང་སྡེ་ཁག་སོ་སོ་བཅས་ཀྱིས།ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་དང་།ཚད་གཞི་མཐོན་པོས་ཇུས་འགོད།ལངས་གནས་མཐོན་པོས་མཐུན་སྦྱོར།ཆུ་ཚད་མཐོན་པོས་ལག་བསྟར་བཅས་བྱས་ཏེ།གྲུབ་འབྲས་འབུར་དུ་ཐོན་པའི་བྱ་བ་བསྒྲུབས་པ་དང་།རྟེན་འབྲེལ་བྱ་འགུལ་དེ་ཏང་གི་གསོལ་སྟོན་ཆེན་མོ་དང་མི་དམངས་ཀྱི་དུས་ཆེན་ཞིག་ཏུ་བསྒྲུབས་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།རྟེན་འབྲེལ་བྱ་འགུལ་གྱི་བྱ་བ་གཙོ་བོ་བདེ་བླག་ངང་མཇུག་སྒྲིལ་མོད། འོན་ཀྱང་བྱ་འགུལ་གྱི་གྲུབ་འབྲས་རྒྱ་བསྐྱེད་པའི་སྟེང་ནས་ད་རུང་བྱ་བ་མང་པོ་ཞིག་བསྒྲུབ་དགོས།རྟེན་འབྲེལ་བྱ་འགུལ་གྱིས་བསླངས་པའི་སྤྲོ་སེམས་ཆེན་པོ་དང་དྲང་ནུས་ཆེན་པོ་བེད་སྤྱོད་གང་ལེགས་བྱས་ཏེ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་བརྗིད་རྔམ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས།ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་སྤྱི་སྡོམ་གཏིང་ཟབ་བྱེད་པ་དང་།ལོ་རྒྱུས་ཀྱི་རིག་སྟོབས་ལ་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པའི་ཁྲོད་ནས་ལོ་རྒྱུས་ཀྱི་རང་རྟོགས་ཇེ་མཐོ་དང་ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པ་བྱེད་དགོས།ལོ་རྒྱུས་ཀྱི་སྤྱི་ཡོངས་དང་མཐོ་ས་ནས་འགྲེང་སྟེ་ཏང་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་།ཏང་དེ་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་མགོ་ཁྲིད་གཙོ་བོར་འགྱུར་བར་ཁག་ཐེག་བྱེད་དགོས།འཛམ་གླིང་ལ་ཁ་གཏད་དེ་ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད་སྔར་ལས་ལེགས་པོར་བརྗོད་དེ།རང་རེའི་ཏང་དང་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་སྔར་ལས་མཐོ་རུ་གཏོང་དགོས།རྟེན་འབྲེལ་བྱ་འགུལ་གྱི་ཉམས་མྱོང་ལེགས་པོ་སྤྱི་སྡོམ་བཟང་པོ་དང་བཀོལ་སྤྱོད་ལེགས་པོ་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་མོའི་མཛད་སྒོའི་ལམ་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།རྟེན་འབྲེལ་བྱ་འགུལ་གྱི་རྗེས་མཐུད་བྱ་བ་དང་སྦྲེལ་ཞིང་།རྟེན་འབྲེལ་བྱ་འགུལ་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་བསྐྱེད་པ།བྱ་བ་སོ་སོར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།“ལྔ་བཅུ་བཞི”ཡི་འཆར་འགོད་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ལ་མགོ་ལེགས་པོ་རྩོམ་པ་དང་གོམ་པ་ལེགས་པོ་སྤོ་དགོས།

གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་སྒྲོག་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།