ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པར་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པར་གཅིག་གྱུར་འཆར་འགོད་ཀྱིས་མཛུབ་སྟོན་བྱེད་པ་དང་། སོན་ལས་དར་སྤེལ་ལ་སྐུལ་སྤེལ་བྱེད་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པར་མགོ་འཛིན་མཛད་པ་དང་། 《འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པ་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》དང《སོན་ལས་དར་སྤེལ་གཏོང་བའི་འགུལ་སྐྱོད་ཇུས་གཞི》《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་བསྲིང་འཕེལ་རྒྱས་ཇུས་གཞི》《རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཉོ་ཚོང་དངུལ་གཏོང་སྟབས་བདེ་ཅན་དུ་སྐུལ་སྤེལ་བྱེད་པའི་ཐད་ཀྱི་བཅོས་བསྒྱུར་གསར་སྐྲུན་གྱི་བྱེད་ཐབས་འགའ》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པ་ཇེ་མགྱོགས་སུ་གཏོང་བ་ནི། ང་ཚོས་མ་འོངས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་ཡིན་ལ། སྔོན་དཔག་ཐུབ་མིན་གྱི་འཇིགས་རུང་རླབས་རྒྱུན་སྣ་ཚོགས་ལས་ང་ཚོའི་རང་ཉིད་ཀྱི་འཚོ་གནས་ནུས་པ་དང་། འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་ཇེ་ཆེར་གཏོང་ཆེད་ཡིན་པ་དང་། དཔའ་ངར་ཞུམ་མེད་ཀྱི་སེམས་ཤུགས་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པའི་འགག་སྒྲོལ་དམག་འཐབ་དང་། རྒྱུན་རིང་དམག་འཐབ་ཅིག་ཡིན། རང་རྟོགས་སྒོས་རང་ས་ཁུལ་དང་རང་སྡེ་ཁག་གི་བྱ་བ་དེ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པའི་ཁྲོད་བཞག་སྟེ་གཅིག་གྱུར་འཆར་འགོད་ཀྱིས་བསམ་བློ་གཏོང་བ་དང་ཇུས་འགོད་བྱེད་དགོས་ལ། སྔར་ལས་བརྟན་པའི་བསམ་བློའི་རང་རྟོགས་དང་། གནད་ཁེལ་དངོས་གཉེར་གྱི་བྱེད་སྟངས། བདེན་འཛིན་དངོས་སྒྲུབ་ཀྱི་སེམས་ཤུགས་བཅས་སྤྱད་དེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་ཏན་ཏིག་ངང་ཕན་འབྲས་ཐོབ་པར་སྐུལ་སྤེལ་གཏོང་དགོས། ཞིང་ལས་དེང་རབས་ཅན་ལ་ས་བོན་ནི་རྨང་གཞི་ཡིན་སྟབས། ངེས་པར་དུ་མི་རིགས་ཀྱི་སོན་ལས་འཕེལ་རྒྱས་གཏོང་དགོས་ལ། ས་བོན་ཡོང་ཁུངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཐུག་པའི་འཐབ་ཇུས་ཀྱི་མཐོ་ས་རུ་བཞག་སྟེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དཀའ་གནད་སེལ་བ་དང་། མི་འདང་སར་ཁ་གསབ་བྱེད་པ། དགེ་མཚན་བསྐྱེད་པ་དང་། ཉེན་ཁ་འགོག་སྲུང་བཅས་བྱས་ཏེ། སོན་ལས་ཚན་རྩལ་རང་ཚུགས་རང་སྟོབས་ཡིན་པ་དང་། སོན་ཁུངས་རང་བདག་ཚོད་འཛིན་ཐུབ་པ་མངོན་འགྱུར་བྱེད་དགོས། ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་མཐོ་ཚད་ནས་འགྲེང་བ་དང་། ལོ་རྒྱུས་དང་མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་བསྲིང་འཕེལ་རྒྱས་བྱ་བ་ལེགས་འཛིན་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་པར་དམིགས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་། ཐོན་ཁུངས་གཉིས་བེད་སྤྱོད་གང་ལེགས་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཚོང་གཉེར་གྱི་ཚད་མཐོའི་ལམ་སྲོལ་དང་བསྡུར་ཏེ། འབད་པ་ཆེན་པོས་ལམ་ལུགས་གསར་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་པ་དང་། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་སྤུས་མཐོ་འཕེལ་རྒྱས་ལ་སྔར་ལས་ཆེ་བའི་ཤུགས་ཚད་བཏོན་ནས་འཆར་འགོད་དང་སྐུལ་སྤེལ་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། ཀྲུང་དབྱང་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་འཛུགས་པ་ཇེ་མགྱོགས་སུ་གཏོང་བའི་ཇུས་ཆོད་བཀོད་སྒྲིག་བཏོན་ཚུན་དུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འབད་པ་ཆེན་པོས་འཚོལ་ཞིབ་དང་། རང་འགུལ་གྱིས་བྱས་རྗེས་བཞག་སྟེ། ཚན་རྩལ་རང་ཚུགས་རང་སྟོབས་དང་། དཔལ་འབྱོར་གྱི་འཁོར་རྒྱུག་བཀག་མེད་ཡོང་བར་སྐུལ་སྤེལ་བྱེད་པ། ནང་མཁོ་རྒྱ་བསྐྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་པ་བཅས་ཀྱི་ཕྱོགས་ནས་བྱ་བ་འབོར་ཆེན་བསྒྲུབས་ཏེ་མགོ་ཡག་པོ་བརྩམས་ཡོད། དེ་དང་ཆབས་ཅིག དམ་འཛིན་ཐག་གཅོད་དང་སེལ་དགོས་པའི་འབུར་ཐོན་གྱི་གནད་དོན་མི་ཉུང་བ་ཞིག་ལའང་འཕྲད་ཡོད།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དམིགས་གཏད་རང་བཞིན་དང་ལག་བསྟར་ཐུབ་པའི་རང་བཞིན་གསལ་ཆ་དོད་དེ། བདེན་པ་བདེན་ཐུབ་ངང་གནད་ས་དང་། ཁེགས་ས། དཀའ་ས་བཅས་བདམས་ནས་གཅིག་བསྡུས་འགག་སྒྲོལ་བྱེད་དགོས་པ་དང་། འགག་སྒྲོལ་དམག་འཐབ་དང་ཐབས་མང་མཉམ་སྤྱོད་ལེགས་པར་བྱས་ཏེ། གནད་ས་འགག་སྒྲོལ་ལ་བརྟེན་ནས་འཕེལ་རྒྱས་ཆགས་སྟངས་ཀྱི་འཐབ་ཇུས་བསྒྱུར་པར་སྐུལ་ཁྲིད་དང་སྣེ་ཁྲིད་དགོས། རྒྱུན་མཐུད་ངང་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། གཙོ་གནད་ཁྱབ་ཁོངས་དང་གནད་འགག་བར་མཚམས་ལ་བཅོས་བསྒྱུར་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱེད་པ་དང་། ཐོན་ཁུངས་བཀོད་སྒྲིག་གི་ཕན་ནུས་ཇེ་ཆེར་གཏོང་བར་ཕན་པ། སྤྱི་ཚོགས་ཡོངས་ཀྱི་བརྩོན་སེམས་བསྐྱེད་པར་ཕན་པའི་བཅོས་བསྒྱུར་འགངས་ཆེན་ཤུགས་ཆེར་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་སྐོང་བ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བསྒྱུར་བྱེད་པ་ནི་སྔར་ལས་གལ་ཆེ་སར་འཇོག་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ལ་སྔར་ལས་དོ་ཁུར་མང་པོ་བྱེད་དགོས། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་དང་ས་གནས་དང་ཕྱོགས་སོ་སོའི་དགེ་མཚན་རང་བཞིན་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ་དང་། སྡེ་ཁག་ཕན་ཚུན་ནུས་མཐོ་མཉམ་འགུལ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་བྱེད་དགོས། གཅིག་གྱུར་འཆར་འགོད་ཀྱིས་མཛུབ་སྟོན་བྱེད་པར་ཤུགས་སྣོན་པ་དང་། ས་གནས་དང་སྡེ་ཁག་གིས་ཞབས་ཞུ་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ནང་འདྲེས་སུ་འཇུག་པའི་གནས་ས་མ་ནོར་བར་འཚོལ་བར་སྐུལ་མ་བཏང་སྟེ། སྔར་ལས་ལྷག་པར་ཞབས་ཞུ་སྒྲུབ་པ་དང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ནང་འདྲེས་སུ་འཇུག་དགོས་པ་ལས། དོན་དངོས་དང་བྲལ་ཏེ་བཙན་ལས་བྱེད་མི་རུང་ལ། སྲིད་འབྲས་ཐོབ་ཆེད་ཆ་རྐྱེན་ལ་བསམ་བློ་མི་གཏོང་བར་གང་འདོད་འདོད་དེ་བས་ཀྱང་བྱེད་མི་རུང་། མ་མཐའི་འདུ་ཤེས་ལ་ཤུགས་བསྣན་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་མི་མངོན་པའི་ཉེན་ཁར་སྔོན་འགོག་ནུས་ལྡན་བྱས་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་བདེ་འཇགས་ཀྱི་ཚད་མཐའ་སྲུང་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་དང་རྨ་འབྲི་རྫ་གསུམ། མདོ་ལ་རི་བོ་བཅས་ཀྱི་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བཅས་ཁྱོན་ཡོངས་ནས་སྤེལ་ལ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ཇེ་མང་དུ་བཏང་བ་དང་། གཏོང་སྤྲོད་བྱེད་ཤུགས་བསྒྱུར་བ། མཚོ་བོད་མཐོ་སྒང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། ཤུགས་ཆེན་པོས་དབུལ་ཐར་འགག་སྒྲོལ་ལ་སྐུལ་སྤེལ་བྱས་པ་བཅས་ཀྱིས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བའི་རྣམ་པ་ནུས་ལྡན་ངང་བསྒྱུར་ཏེ། ས་ཁོངས་རྒྱུན་མཐུད་ངང་བརྟན་འཇགས་ཡིན་པ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བྱས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྲུང་སྐྱོབ་དམིགས་བསལ་གྱིས་སྔོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནི་ས་ཁོངས་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་སྔོན་འགྲོ་དང་རྩ་བའི་སྒྲིག་ལམ་དུ་བརྩིས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་འཁྱགས་ཀློང་བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་བརྟན་སྲུང་བྱེད་དགོས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མཚོ་བོད་མཐོ་སྒང་ལ་དམིགས་བསལ་དུ་ཡོད་པའི་ལྷན་སྐྱེས་ཐོན་ཁུངས་ལ་རྐང་བཙུགས་ཏེ། རང་དང་འཚམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་ཤིག་མ་ནོར་བར་འཚོལ་དགོས་པ་དང་། ནུས་ཤུགས་ཆེན་པོས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། འབད་པ་ཆེན་པོས་གསར་དར་ཐོན་ལས་གསོ་སྐྱོང་བྱས་ཏེ། སྐྱེ་ཁམས་བཟང་ལ། ལྗང་མདོག་ཐཱན་ཉུང་ཡིན་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྤུས་མཐོའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་བཏོད་དགོས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྨན་བཅོས། རྒན་གསོ་བཅས་ཀྱི་གནད་དོན་གཅིག་གྱུར་འཆར་འགོད་བྱས་ཏེ་ཐག་གཅོད་དགོས། རིགས་སོ་སོའི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ལོ་རྒྱུས་ཀྱི་འདུ་ཤེས། མི་རིགས་ཀྱི་འདུ་ཤེས། རིག་གནས་ཀྱི་འདུ་ཤེས། ཆོས་ལུགས་ཀྱི་འདུ་ཤེས་ཤིག་ཆགས་པར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། ཚད་མཐའ་ལེགས་སྲུང་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་རིགས་མི་གཅིག་པའི་ཉེན་ཁ་འོས་མཐུན་ཐག་གཅོད་དང་། སྔོན་འགོག་ཞི་འཇགས་སུ་བཏང་སྟེ། རྒྱལ་མཚམས་ཀྱི་དུས་བདེ་ཞོད་འཇགས་དང་མཐུན་སྒྲིལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་དངོས་གནས་སྲུང་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།