ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས13ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་པ་ཏོ་སི་ཡི་ཙུང་ལི་མོ་ཐེ་ལི་ལ་ཁ་པར་བཏང་།  

ཞི་ཅིན་ཕིང་གིས་བསྟན་དོན། པ་པ་ཏོ་སི་ནི་ཅ་ལེ་པིའི་ཤར་རྒྱུད་ས་ཁུལ་གྱི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན། ཀྲུང་པའི་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར44འགོར་བའི་རིང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་འགྲོ་འོང་ལ་རྒྱུན་མ་ཆད་ཅིང་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། པྲོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་པས་དཀའ་སྡུག་མཉམ་མྱོང་དུས་ངལ་མཉམ་སེལ་བྱས། དེང་སྐབས། ནད་ཡམས་སྔར་བཞིན་གོ་ལ་ཧྲིལ་བོར་མཆེད་བཞིན་ཡོད་ལ། གྲོགས་པོར་རོགས་རམ་བྱ་དགོས་པ་ནི་ང་ཚོའི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན། ཀྲུང་གོས་པ་པ་ཏོ་སི་ཡི་རིམས་འགོག་སྨན་ཁབ་དང་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས་པ་པ་ཏོ་སི་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་རོགས་རམ་བྱ་རྒྱུ་ཡིན། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་པ་རྒྱལ་ཁབ་གཉིས་པོས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོས་པ་པ་ཏོ་སི་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་པའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་མུ་མཐུད་དུ་པ་པ་ཏོ་སིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཐུན་མོང་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་མང་བ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་པ་ཏོ་སི་སོགས་ཅ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ལ། པ་པ་ཏོ་སི་ཡིས་ཀྲུང་གོ་དང་ཅ་ལེ་པིའི་ཐུན་མོང་སྒྲིག་གཞིའི་མཉམ་ལས་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།  

མོ་ཐེ་ལི་ཡིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་སྙིང་ཐག་པ་ནས་བཀྲ་ཤིས་རྟེན་འབྲེལ་ཞུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ལ་ལྟ་བ་ཟབ་ཅིང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་གོས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་ལེགས་འགྲུབ་ངང་མངོན་འགྱུར་བྱས་པ་དང་། བལྟོས་མེད་ཀྱི་དབུལ་ཕོངས་ལས་ཐར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཀྲུང་གོས་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་བའི་ཐོག་གྲུབ་འབྲས་སྔར་བས་ཆེ་བ་ཐོབ་པར་ཡིད་ཆེས་དང་སྨོན་འདུན་ཞུ། ཀྲུང་གོ་ལྟ་བུའི་གྲོགས་པོ་ཡོད་པར་པ་པ་ཏོ་སི་ཕྱོགས་དགའ་སྤྲོ་སྐྱེས་པ་ཡིན། ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་ཕྱོགས་མང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ཏེ་པ་ཀྲུང་གི་འབྲེལ་བ་དང་ལ་ཀྲུང་གི་འབྲེལ་བར་འཕེལ་རྒྱས་སྔར་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་དང་མཉམ་དུ་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད། །  

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།