ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེ13ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེར་ཏའོ་ཨན་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ནས་བཟུང་། ཀྲུང་ཐུར་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་དགའ་འོས་པའི་འཕེལ་རྒྱས་བྱུང་ནས་མཉེན་ཤུགས་དང་རྟིང་ཤུགས་ཆེན་པོ་མངོན་ཡོད། ཕྱོགས་གཉིས་པོས་པྲོག་གསར་གློ་ཚད་ལ་འགོག་རྒོལ་བྱེད་པའི་ཐད་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་བཀྲག་མདངས་འཚེར་ས་གསར་བ་བསྣན་ཡོད། ཀྲུང་ཐུར་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་ལ་ཉེ་ཞིང་། ཀྲུང་གོས་ཐུར་ཁེ་་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཐུར་གྱི་འཐབ་ཇུས་མཉམ་ལས་འབྲེལ་བར་འཕེལ་རྒྱས་སྔར་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་དོ་ཁུར་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐུར་ཁེ་ཡིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་ནས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པར་ཀྲུང་གོས་རྒྱབ་སྐྱོར་བྱེད་ལ། ཐུར་ཁེ་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱབ་འདོད་ཡོད། ཕྱོགས་གཉིས་པོས་འབྲེལ་མཐུད་ངང“རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུའི་གྲོས་འགོ་དང་ཐར་ཁེའི“བར་ཁྱམས”འཆར་གཞི་སོགས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོའི་ཚོང་དོན་གྲུབ་ཆ་ཇེ་ལེགས་སུ་གཏོང་བའི་བསམ་ཕྱོགས་གསར་བ་དང་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ནས། དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་སྔར་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཐུར་ཁེ་དང་རིམས་འགོག་སྨན་ཁབ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཐུར་ཁེས་སྔ་ཙམ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་རོགས་རམ་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཁུངས་འདེད་ཆབ་སྲིད་ཅན་དང་ནད་དུག་མིང་བྱང་ཅན་ལ་ཐུན་མོང་ཐོག་ངོ་རྒོལ་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས།
ཨེར་ཏའོ་ཨན་གྱིས་ཡང་བསྐྱར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུས། ཁོང་གིས་བསྟན་དོན། ད་ལོ་ནི་ཐུར་ཀྲུང་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་པས། ཐུར་ཀྲུང་རྒྱལ་ཁབ་གཉིས་ཀར་དམིགས་བསལ་གྱི་དོན་སྙིང་ལྡན། ཐུར་ཁེས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་མཐོང་ཆེན་གནང་ནས་ཀྲུང་གོ་དང་འགྲོ་འོང་དམ་ཟབ་དང་འབྱུང་འགྱུར་ལ་ཁ་ཕྱོགས་ནས། “རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་རྒྱུ་དང་། དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་རྒྱུ། ཀྲུང་གོའི་ཁེ་ལས་ཀྱིས་ཐུར་ཁེར་མ་འཇོག་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་ཐུར་ཁེའི་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་འཛམ་གླིང་གི་ཁས་ལེན་དང་ཡིད་ཆེས་ཐོབ་པ་དང་། ཐུར་ཁེས་ཀྲུང་གོ་དང་རིམས་འགོག་སྨན་ཁབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རེ་བ་བྱེད་ཀྱིན་ཡོད། ཐུར་ཁེས་སྔོན་ཆད་དང་ད་ལྟ། འབྱུང་འགྱུར་བཅས་ཀྱི་དུས་ནམ་ཡང་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས། ཀྲུང་གོས་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བཏང་ནས་མི་སུས་ཀྱང་ཐུར་ཁེའི་མངའ་ཁོངས་སྤྱད་དེ་ཀྲུང་གོའི་བདག་དབང་ལ་གནོད་འཚེ་གཏོང་བའི་ཁ་ཕྲལ་གྱི་བྱེད་སྤྱོད་སྤེལ་མི་ཆོག
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེར་ཏའོ་ཨན་ལ་ཁ་པར་བཏང་།