ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་དགུ་ཉིན་གྱི་སྔ་དྲོ་འགོ་འཛིན་མཛད་དེ། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་བསྡུས་པ་དང་། ཚོགས་ཐོག་ནས་རིམ་པ་བཞིན་གྲོས་མོལ་བརྒྱུད་དེ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་ཞེས་པ་དང་འདེབས་འཛུགས་ལས་རིགས་དར་རྒྱས་ཀྱི་ལག་བསྟར་ཇུས་གཞི། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་སྐོར་གྱི་ཇུས་གཞི། རང་མོས་ཉོ་ཚོང་ཚོད་ལྟའི་ས་ཁུལ་གྱི་ཉོ་ཚོང་དངུལ་གཏོང་སྟབས་བདེ་ཅན་དུ་གཏོང་བར་སྐུལ་འདེད་གཏོང་བའི་བཅོས་སྒྱུར་གསར་གཏོད་ཀྱི་བྱེད་ཐབས་འགའ་ཞེས་པ་བཅས་ལ་གྲོས་འཆམ་བྱུང་།
ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་ངང་བསྐྲུན་རྒྱུ་ནི་ང་ཚོས་མ་འོངས་པའི་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་གོ་བ་ཡང་དག་ལོན་པར་བྱེད་པའི་འཐབ་ཇུས་བྱེད་ཕྱོགས་ཡིན་ལ། ཚོད་དཔག་བྱེད་ཐུབ་ལ་མི་ཐུབ་པའི་གནས་སྟངས་ཅི་རིགས་ཁྲོད་ཀྱི་ང་ཚོའི་འཚོ་གནས་ཀྱི་ནུས་པ་དང་འགྲན་རྩོད་ནུས་པ། འཕེལ་རྒྱས་ནུས་པ། རྒྱུན་མཐུད་ནུས་པ་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་ཆེད་དང་། བློ་རྩ་བརྟན་པོ་དང་འཐབ་ཇུས་ངེས་ཤུགས་རྒྱུན་འཁྱོངས་བྱེད་དགོས་པའི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཅིག་ཡིན་པར་བརྟེན། རང་རྟོགས་སྒོས་རང་ས་ཁུལ་དང་སྡེ་ཁག་གི་ལས་དོན་འཕེལ་རྒྱས་གསར་པའི་ཆགས་སྟངས་བསྐྲུན་ཁྲོད་ཚུད་པར་བྱས་ནས་གཅིག་གྱུར་འཆར་འགོད་ལ་བསམ་གཞིགས་གཏོང་དགོས་ལ། བསམ་བློའི་རང་རྟོགས་བརྟན་པོ་དང་གནད་འཁེལ་བདེན་གཉེར་གྱི་བྱེད་ཕྱོགས། བདེན་འཛིན་དངོས་གཉེར་གྱི་ངར་ཤུགས་བཅས་ལ་བརྟེན་ནས། འཕེལ་རྒྱས་གསར་པའི་ཆགས་སྟངས་བསྐྲུན་པར་སྐུལ་འདེད་གཏོང་བའི་ལས་དོན་ལ་ཕན་འབྲས་དོན་ལྡན་ཐོབ་པར་བྱེད་དགོས། ཞིང་ལས་དེང་རབས་ཅན་ལ་མཚོན་ན་ས་བོན་ནི་རྨང་གཞི་ཡིན་པས། ངེས་པར་དུ་མི་རིགས་ཀྱི་འདེབས་འཛུགས་ལས་རིགས་གཉེར་ནས། འདེབས་འཛུགས་ཐོན་ཁུངས་བདེ་འཇགས་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་མཐོ་ཚད་དུ་སླེབས་པར་བྱེད་དགོས། ཐུན་མོང་སྟོབས་ཤུགས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་ཞན་ཆ་གསབ་པ། དགེ་མཚན་ཇེ་དྲག་ཏུ་གཏོང་བ། ཉེན་ཁ་ཅི་རིགས་འགོག་པ་བཅས་ལ་བརྟེན་མཐར། འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་རང་སྟོབས་རང་སྤེལ་དང་འདེབས་འཛུགས་ཐོན་ཁུངས་ཀྱི་རང་བདག་རང་ཆོད་མངོན་འགྱུར་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་འགན་སྲུང་བྱེད་པའི་ལོ་རྒྱུས་ཀྱི་མཐོ་ཚད་དུ་འགྲེང་སྟེ། ལོ་རྒྱུས་ལ་འགན་ཁུར་བ་དང་མི་དམངས་ལ་འགན་ཁུར་བ། འཛམ་གླིང་ལ་འགན་ཁུར་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལས་དོན་དམ་པོར་འཛིན་དགོས། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་མཐོན་པོ་ལག་བསྟར་བྱེད་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་རིགས་མི་འདྲ་བ་གཉིས་འཁོར་རྒྱུག་ལེགས་པོ་ཡོང་བར་བྱེད་རྒྱུ་དང་། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་ཉོ་ཚོང་ཆོས་ཉིད་ཚད་ཤིང་དུ་བཟུང་ནས། ལམ་ལུགས་གསར་གཏོད་ལ་ཤུགས་བསྣན་མཐར། རང་མོས་ཉོ་ཚོང་ཚོད་ལྟའི་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཆར་འགོད་དང་སྐུལ་འདེད་གང་ལེགས་གཏོང་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་ཚོགས་འདུར་ཞུགས། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་བསྡུས།