ཝང་ཆི་ཧྲན་ཅི་ཞིན་ཀིས་ཀྲུང་གོར་གསང་བའི་ངང་འཚམས་འདྲི་བྱས་ཏེ་ལོ་ལྔ་བཅུ་འཁོར་བར་རྗེས་དྲན་ཞུ་བའི་བྱ་འགུལ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཚེས་དགུ་ཉིན་པེ་ཅིང་དུ་ཅི་ཞིན་ཀི་ཡིས་ཀྲུང་གོར་གསང་བའི་ངང་འཚམས་འདྲི་བྱས་ཏེ་ལོ་ལྔ་བཅུ་འཁོར་བར་རྗེས་དྲན་ཞུ་བའི་བྱ་འགུལ་སྟེང་ཞུགས་ནས་ཤིས་ཚིག་ཕུལ།

ཝང་ཆི་ཧྲན་གྱིས་བཤད་རྒྱུར། ལོ་ལྔ་བཅུའི་སྔོན་ལ། འབུམ་རམས་པ་ཅི་ཞིན་ཀི་ཡིས་ཀྲུང་གོར་གསང་བའི་སྒོ་ནས་འཚམས་འདྲི་བྱས་པ་ལས། དེའི་རྗེས་ཀྱི་ཙུང་ཐུང་ཉི་ཁི་སུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ནས་ཀྲུང་གོ་དང་ཨ་མེ་རི་ཁས་མཉམ་དུ་ཧྲང་ཧེ་སྤྱི་བསྒྲགས་སྤེལ་བའི་དོན་དག་བྱུང་བ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པ་རྣམས་ཀྱི་ཆབ་སྲིད་བློ་མིག་ཡངས་པོ་དང་ཕྱི་འབྲེལ་སྒྱུ་རྩལ་མཐོན་པོ་ཅིག་ཅར་བསྟན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གོ་གླེགས་གསར་པ་ཕྱེས་པར་མ་ཟད། ལོ་རྒྱུས་ལ་འགྱུར་ལྡོག་ཆེན་པོ་ཐེབས་སུ་བཅུག ལོ་ལྔ་བཅུའི་རིང་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་པོ་མིན་ནའང་སྤྱིའི་ཆ་ནས་མུ་མཐུད་མདུན་སྐྱོད་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཆེན་པོ་བསྐྲུན་པ་དང་། འཛམ་གླིང་ཞི་བདེ་དང་དར་རྒྱས། བརྟན་འཇགས་བཅས་ཀྱི་ཐད་སྐུལ་འདེད་ནུས་ལྡན་བཏང་།

ཨ་མེ་རི་ཁའི་སྔོན་ཆད་ཀྱི་རྒྱལ་སྲིད་བློན་ཆེན་ཅི་ཞིན་ཀི་ཡིས་བརྙན་ལམ་བརྒྱུད་དེ་ཐེངས་འདིའི་བྱ་འགུལ་ལ་ཞུགས་ནས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོའི་འདས་པའི་ལོ་ལྔ་བཅུའི་སྔོན་གྱི་ཐུག་འཕྲག་དེ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འཚམ་པོ་ཡོད་ལ། དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་ལྡན། ཕྱོགས་གཉིས་ཀས་མིག་རྒྱང་རིང་བོ་འཛིན་པ་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་པ། མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་གླེང་མོལ་བརྗེ་རེས་སྤེལ་བ་བརྒྱུད་དེ། རྒྱལ་ཁབ་གཉིས་བར་གྱི་འགལ་བ་ཅི་རིགས་སེལ་ནས་མཉམ་ལས་ཡོང་བར་འབད་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།