ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་བརྡ་སྦྱོར་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་བླང་བྱ་བཏོན

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་ཟླ7པའི་ཚེས3ཉིན་བརྡ་སྦྱོར་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་ནི་ཀྲུང་གོ་གུང་ཏང་གི་ལོ་ངོ་བརྒྱའི་འཁྲུངས་སྐར་གྱི་གནད་འགག་གི་དུས་སྐབས་དང“ལོ་བརྒྱ་ཕྲག་གཉིས”ཀྱི་ལོ་རྒྱུས་བསྣོལ་མཚམས་ཀྱི་གནད་འགག་གི་དུས་མཚམས་ལ་རྐང་བཙུགས་ཏེ། འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་དང་མཛེས་སྡུག་གི་མ་འོངས་པ་འཆར་གཞིར་བཀོད་པའི་མར་ཁེ་སིའི་རིང་ལུགས་ཀྱི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཚད་ལྡན་ཞིག་ཡིན་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡང་ཡིན་ལ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ལོ་རྒྱུས་ལ་དཔྱད་ཅིང་མ་འོངས་པ་གསར་དུ་བཏོད་པའི་འགུལ་སྐྱོད་ཀྱི་ཁ་ཕྱོགས་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང་། “རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ནས། “བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། སེམས་ཞིབ་མོས་བཀོད་སྒྲིག་བྱེད་པ་དང་རྩ་འཛུགས་དམ་པོས་ལག་བསྟར་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་སྣེ་ཁྲིད་ནས་གོ་བ་གཏིང་ཟབ་ལེན་དུ་འཇུག་པ། གསུང་བཤད་ཀྱི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན། བརྗོད་བྱའི་སྙིང་པོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་གསུང་བཤད་ཀྱི་དགོངས་དོན་སྟེང་དངོས་གནས་གཅིག་གྱུར་ཡོང་བ་བྱེད་དགོས།

བརྡ་སྦྱོར་ནང་བསྟན་དོན། “བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། “བདུན་གཅིག”གསུང་བཤད་གལ་ཆེན་གྱིས་རྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འགོར་བའི་རིང་ལ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རླབས་ཆེན་གྱི་བགྲོད་ལམ་གསར་དུ་བཏོད་པ་དང་། རླབས་ཆེན་གྱི་བྱ་གཞག་གསར་སྐྲུན་བྱས་པ། རླབས་ཆེན་གྱི་གྲུབ་འབྲས་བླངས་པ་བཅས་ལ་ཕྱིར་དྲན་བྱས། སྤོབས་ཉམས་ཀྱི་ཡིད་ཆེས་དང་ངར་ཉམས་ཀྱི་བློ་སྟོབས་ཀྱིས་ལོ་བརྒྱ་ཕྲག་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་བརྗིད་ཉམས་ཀྱིས་ཡོངས་བསྒྲགས་བྱས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་ཕྲག་གཉིས་པའི་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་ཆོད་སེམས་བརྟན་པོ་གཟབ་ནན་གྱིས་བསྒྲགས་ནས། ལོ་རྒྱུས་དཔྱད་གཞིར་བཟུང་སྟེ་མ་འོངས་པ་གསར་དུ་བཏོད་པའི་རྩ་བའི་བླང་བྱ་གཏིང་ཟབ་ཏུ་བརྗོད་ཅིང་། ཏང་ཡོན་ཡོངས་ལ་ཏང་དང་མི་དམངས་ལ་སྔར་བས་གཟི་བརྗིད་ཆེ་བའི་རླབས་ཆེན་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད། “བདུན་གཅིག”གསུང་བཤད་གལ་ཆེན་གྱིས་ལོ་རྒྱུས་དང་དོན་དངོས། མ་འོངས་པ་གཞི་གཅིག་ཏུ་བརྒྱུས་ཡོད་ལ། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་འདུན་མ་བཅས་གཞི་གཅིག་ཏུ་བརྒྱུས་ཡོད་པས། མཐོ་ས་ནས་མགོ་ཁྲིད་པ་དང་བསམ་བློ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་རེད། རང་རེའི་ཏང་གིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ངོས་འཛིན་བྱེད་པའི་ཐད་ནས་མཐོ་ཚད་གསར་པ་འཕར་ནས། དུས་རབས་གསར་པར་བརྩོན་པས་བསྐྱོད་པ་དང་འཐབ་ལམ་གསར་པར་ལེགས་པོར་བསྐྱོད་པར་སྔར་བས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཞིང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད།

བརྡ་སྦྱོར་ནང་བསྟན་དོན། རླབས་ཆེན་གྱི་ཏང་བཙུགས་པའི་སྙིང་སྟོབས་ཀྱི་ནང་དོན་ཟབ་མོ་དང་དུས་རབས་ཀྱི་རིན་ཐང་ལ་གོ་བ་གཏིང་ཟབ་ལེན་དགོས། སློབ་སྦྱོང་བྱས་པ་བརྒྱུད་ནས། རླབས་ཆེན་གྱི་ཏང་བཙུགས་པའི་སྙིང་སྟོབས་ཀྱི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། རླབས་ཆེན་གྱི་ཏང་བཙུགས་པའི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན་པར་གོ་བ་གཏིང་ཟབ་ལེན་པ། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གྱི་ཏང་བཙུགས་སྙིང་སྟོབས་དར་སྤེལ་གཏོང་བར་གོ་བ་གཏིང་ཟབ་བླངས་ནས། ཡུན་རིང་འབད་འཐབ་ཁྲོད་ཆགས་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྒྱུད་པ་དང་སྦྱོང་བརྡར་ཐོབ་པའི་མདངས་གསལ་བའི་ཆབ་སྲིད་ཀྱི་གཤིས་སྤྱོད་ཀྱིས་སྔར་བས་གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་དང་དམར་པོའི་ཁྲག་རྩའི་རྒྱུན་མཐུད་དེ། ནམ་ཡང་རླབས་ཆེན་གྱི་ཏང་བཙུགས་སྙིང་སྟོབས་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པ་གསར་སྐྲུན་བྱེད་པའི་རྩ་བའི་བླང་བྱར་གོ་བ་ཟབ་མོ་ལེན་དགོས། “བདུན་གཅིག”གསུང་བཤད་གལ་ཆེན་གྱིས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པ་གསར་སྐྲུན་བྱེད་པར་དམིགས་ནས། “ངེས་པར་དགུ”ཡི་རྩ་བའི་བླང་བྱ་གསལ་པོར་བཏོན། “ངེས་པར་དགུ”ཞེས་པ་འདིས་སྔོན་ཆད་ང་ཚོས་ཅིའི་ཕྱིར་རྒྱལ་ཁ་ལེན་ཐུབ་སོང་བ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་དུ་རྒྱལ་ཁ་ལེན་ཐུབ་པའི་གནས་ལུགས་ཟབ་མོ་བསྟན་ནས། ཏང་ཡོངས་ཀྱིས་རྒྱང་སྐྱོད་བགྲོད་ལམ་གསར་པའི་སྟེང་དུ་སྔར་བས་བརྟན་པོ་དང་སྔར་བས་རང་རྟོགས་སྒོས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་པར་ངེས་པར་སྐུལ་མ་གཏོང་དགོས། སློབ་སྦྱོང་བྱས་པ་བརྒྱུད་ནས། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པ་གསར་སྐྲུན་བྱེད་པར་གོ་བ་གཏིང་ཟབ་ཏུ་བླངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོ་ངེས་པར་རྒྱུན་འཁྱོངས་བྱེད་པ། ཀྲུང་གོ་མི་དམངས་ལ་ངེས་པར་མཐུན་སྒྲིལ་དང་སྣེ་ཁྲིད་ནས་མཛེས་སྡུག་གི་འཚོ་བའི་ཆེད་དུ་རྒྱུན་ཆད་མེད་པར་འབད་བརྩོན་བྱེད་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་ངེས་པར་མུ་མཐུད་དུ་སྐུལ་འདེད་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ངེས་པར་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ངེས་པར་ཇེ་མགྱོགས་སུ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ངེས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་ངེས་པར་སྤེལ་བ། ཀྲུང་ཧྭའི་བུ་ཕྲུག་རྣམས་ཀྱི་མཐུན་སྒྲིལ་ཆེན་མོར་ངེས་པར་ཤུགས་སྣོན་པ་བཅས་བྱས་ཏེ། ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་གྱི་བཟོ་འགོད་གསར་པར་ངེས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། ཏང་ཡོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འཐུས་ཚབ་ཡིན་པའི་ཏང་ཀྲུང་དབྱང་གི་རླབས་ཆེན་གྱི་འབོད་སྐུལ་ལ་གོ་བ་གཏིང་ཟབ་བླངས་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། ཕུགས་འདུན་གྱི་དད་སེམས་བརྟན་པོར་བྱེད་པ། ཏང་གི་དགོངས་དོན་ལག་བསྟར་བྱས་ཏེ། གཏན་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་སྲུང་བྱེད་པ་དང་། ནམ་ཡང་མི་དམངས་ཀྱི་བསམ་ཕྱོགས་དང་ལས་ཕྱོགས་གཅིག་མཐུན་ཡོང་བར་བྱེད་པ་དང་། སྐྱིད་སྡུག་མཉམ་མྱོང་དང་བདེ་སྡུག་མཉམ་ཁུར་གྱི་སྒོ་ནས། མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བ་མངོན་འགྱུར་བྱེད་པར་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། ཏང་དང་མི་དམངས་ལ་སྔར་ལས་ཆེ་བའི་གཟི་བརྗིད་བརྩོན་ལེན་བྱེད་པར་འབད་དགོས།

བརྡ་སྦྱོར་ནང་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་བླང་བྱ་ལྟར། རང་ས་ཁུལ་དང་རང་སྡེ་ཁག་གི་དོན་དངོས་དང་ཟུང་དུ་སྦྲེལ་ནས། ཆེད་དུ་བཀོད་སྒྲིག་བྱེད་པ་དང་བྱེ་བྲག་གི་བླང་བྱ་འདོན་པ། ཤུགས་ཡོད་རྒུས་དངོས་འབེབས་དམ་འཛིན་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་མཐོ་རླབས་མྱུར་དུ་སློང་དགོས། “བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་གོ་སྐབས་སུ་བརྩིས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་དོན་དངོས་སུ་སྤེལ་བར་སྐུལ་འདེད་བྱེད་དགོས། བྱ་བའི་དོན་དངོས་དང་འབྲེལ་བ་དམ་པོ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་གྲུབ་འབྲས་དེ་རྒྱང་སྐྱོད་བགྲོད་ལམ་གསར་པར་བརྩོན་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་དོན་དངོས་ཀྱི་འགུལ་སྐྱོད་དུ་བསྒྱུར་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།