ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རོགས་སྐྱོར་ཐེབས་རྩ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་བཙུགས་ནས་ལོ་ལྔ་འཁོར་བར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་རོགས་སྐྱོར་ཐེབས་རྩ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་བཙུགས་ནས་ལོ་ལྔ་འཁོར་བར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ལྔའི་རིང་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་བཙུགས་པའི་མཉམ་ལས་རོགས་སྐྱོར་ཐེབས་རྩས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་རྒྱབ་སྐྱོར་བྱས་པ་དང་མི་ཆོས་ཉེན་ཁར་ཁ་གཏད་འཇལ་ནས། དབུལ་ཕོངས་ཇེ་ཉུང་དུ་གཏོང་བ་དང་འཕེལ་རྒྱས་མངོན་འགྱུར་བྱས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་བཙུགས་པའི་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་གིས་ཀྲུང་གོ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་བསྣན་ནས། རྒྱ་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་སྲིད་གཞུང་གི་དོ་དམ་མི་སྣ་རྩེ་གྲས་གསོ་སྐྱོང་བྱས་པར་བརྟེན། ཐེབས་རྩ་དང་སློབ་གླིང་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་འཕེལ་རྒྱས་ལ་བྱེད་ནུས་གལ་ཆེན་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་རྒྱ་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་དང་ལྷན་དུ་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་གཏེར་ཁ་མཉམ་སྔོག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་ཡིན། རེ་བ་ཡིན་ན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་བཙུགས་པའི་མཉམ་ལས་རོགས་སྐྱོར་ཐེབས་རྩས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ལ་རོགས་འདེགས་བྱེད་རྒྱུ་དང་། མཉམ་ལས་རོགས་སྐྱོར་སློབ་གླིང་གིས་ཀྱང་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཇོན་ཐང་མི་སྣ་རྩེ་ཕུད་གསོ་སྐྱོང་བྱེད་སའི་རྟེན་གཞི་དང་ཞིབ་འཇུག་བརྗེ་རེས་ཀྱི་སྟེགས་བུ་བསྐྲུན་པར་འབད་དེ། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བའི་ལས་དོན་ལ་བྱས་རྗེས་ཆེན་པོ་འཇོག་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།