ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་གོ་ལ་ཧྲིལ་བོའི་སྤྱི་བའི་ཐོན་རྫས་སུ་བསྒྱུར་བའི་དམ་བཅའ་ལག་ཏུ་བསྟར་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགོག་སྨན་དུང་ཕྱུར4.8འདོན་སྤྲོད་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དེང་སྐབས་གོ་ལ་ཧྲིལ་བོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པ་དང་། གོ་ལ་ཧྲིལ་བོའི་རིམས་ནད་འགོག་སྨན་གྱི་དོ་མི་སྙོམས་པའི་གནད་དོན་ཧ་ཅང་འབུར་ཏུ་ཐོན་ཡོད། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རིམས་ནད་འགོག་སྨན་དེ་གོ་ལ་ཧྲིལ་བོའི་སྤྱི་བའི་ཐོན་རྫས་སུ་བསྒྱུར་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད།

མིག་སྔར། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་འགོག་སྨན་དུང་ཕྱུར4.8འདོན་སྤྲོད་བྱས་ཏེ། རྒྱལ་ཁབ100ཙམ་ལ་འགོག་སྨན་རོགས་སྐྱོར་བྱས་ཤིང་། རྒྱལ་ཁབ50ལྷག་ལ་འགོག་སྨན་ཕྱིར་གཏོང་བྱས་པས། འཛམ་གླིང་སྟེང་ཕྱི་ཕྱོགས་ལ་རིམས་ནད་འགོག་སྨན་འདོན་སྤྲོད་བྱས་པ་ཆེས་མང་བའི་རྒྱལ་ཁབ་ཏུ་གྱུར་ཡོད།

ཀྲུང་གོའི་འགོག་སྨན་ལ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་མཚན་སྙན་ལེགས་པོ་ཐོབ་ཡོད་ལ། བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་ལ་རྒྱ་ཆེར་ངོས་ལེན་ཐོབ་ཡོད། མིག་སྔར་རྒྱལ་ཁབ100ལྷག་གིས་ཀྲུང་གོའི་འགོག་སྨན་ལ་བེད་སྤྱོད་ཆོག་པའི་ཆོག་མཆན་སྤྲད་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྨན་ཚོགས་སྒྲིལ་དང་ཁའོ་ཞིན་ཀུང་སིའི་འགོག་སྨན་དེ་འཕྲལ་བསྟུན་བེད་སྤྱོད་མིང་ཐོའི་ནང་བཞག་ཡོད།

ཀྲུང་གོའི་འགོག་སྨན་གྱི་བདེ་འཇགས་རང་བཞིན་དང་ཕན་ནུས་རང་བཞིན་ལ་ངོས་ལེན་གང་ལེགས་ཐོབ་པ་དང་བསྟུན། ཀྲུང་གོས་མུ་མཐུད་དུ་དངོས་ཡོད་ཀྱི་བྱ་སྤྱོད་སྟེང་ནས་གོ་ལ་ཧྲིལ་བོའི་རིམས་འགོག་གི་དྲང་བདེན་འོས་མཐུན་བགོ་སྤྲོད་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་བོའི་མཐུན་སྒྲིལ་གྱིས་རིམས་འགོག་བྱེད་པར་རོགས་འདེགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།