ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ལེགས་པོར་སྒྲུབ་དགོས་ཞེས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་ཚོགས་འདུའི་ཐོག་

གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་གནད་དོན་གྱི་བཅོས་སྒྲིག་ནན་འཛིན་བྱས་ནས་

རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཡག་པོར་བསྒྲུབ་དགོས་ཞེས་བསྟན། 

ཟླ7པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་ཅི་ནན་དུ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་ཅི་ནན་དུ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་བཀའ་མཆན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། དུས་རིམ་གོང་མའི་ལས་ཀའི་གནས་ཚུལ་ཕྱོགས་བསྡོམས་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ལ། དུས་རིམ་རྗེས་མའི་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

ཚོགས་འདུ་མ་འཚོག་སྔོན། ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་ལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་དུས་ཡུན་ཟླ3ཙམ་གྱི་རིང་། ས་ཁུལ་དང་གྲོང་ཁྱེར52དང་ལམ་ཐག་སྤྱི་ལེ་ཁྲི30ཙམ་གྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས9ལ་ལྐོག་བཤེར་ལྐོག་ཕབ་གཏིང་ཟབ་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉེན་ཟོན་བརྙན་ཟློས་བསྒྲིག་ནས་རྨ་ཆུའི་འབབ་རྒྱུད་ལ་ཆེད་ལས་རང་བཞིན་གྱི“བརྟག་དཔྱད”ཅིག་བྱས་པ་རེད། ཚོགས་འདུའི་ཐོག་ཉེན་བརྡ་བརྙན་ཟློས་བསྟན་ཞིང་། ཞིང་ཆེན་དང་རང་སྐྱོང་ལྗོངས9དང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་དེར་ལྟས་རྗེས་གཏམ་བཤད་གནང་། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། བསམ་བློའི་ངོས་འཛིན་སྔར་ལས་མཐོ་རུ་བཏང་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་དོན་ཆེན་ཞིག་ཏུ་བརྩིས་ཡོད་དེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འགྲུམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་འཕེལ་རྒྱས་འགྲོ་ཚུལ་ལ་དངོས་སུ་རྟོག་ཞིབ་ཐེངས་མང་གནང་བ་མ་ཟད། གསུང་བཤད་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་སྟེ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་བླ་ན་མེད་པའི་གནས་སུ་བཞག་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  

ཧན་ཀྲིན་གྱིས་བསྟན་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས་ན། ངེས་པར་དུ་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་ཁ་གཏད་པ། དུས་ཐོག་ཏུ་གནད་དོན་ཐག་གཅོད་བཅས་བྱེད་དགོས། ཐོག་མར་གནད་དོན་མཐོང་ཐུབ་དགོས་ཏེ། གནད་དོན་མཐོང་མི་ཐུབ་པ་ནི་གནད་དོན་ཆེ་ཤོས་རེད། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་། ཆུའི་ཐོན་ཁུངས་ཧ་ཅང་དཀོན་པས་ཆུ་ཡིས་གྲོང་ཁྱེར་གཏན་ཁེལ་བྱེད་པ་དང་། ཆུ་ཡིས་ས་ཆ་གཏན་ཁེལ་བྱེད་པ། ཆུ་ཡིས་མི་གཏན་ཁེལ་བྱེད་པ། ཆུ་ཡིས་ཐོན་ལས་གཏན་ཁེལ་བྱེད་པ་བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆུའི་ཐོན་ཁུངས་དེ་འགྱུར་བ་མེད་པའི་གཅུན་སྡོམ་ཆེ་ཤོས་སུ་བརྩིས་ནས་སྒྲིག་འགལ་ངང་ཆུ་ལེན་པ་དང་ཆུ་སྤྱོད་པར་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ལྗང་མདོག་ཅན་གྱི་རིགས་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས“མཐོ་གཉིས”རྣམ་གྲངས་ཀྱི་རྨོངས་ཚོད་འཕེལ་རྒྱས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཤུགས་ཆེན་པོས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གཏོར་བརླག་དང་ཁོར་ཡུག་སྦག་བཙོག་གི་གནད་དོན་ཐག་གཅོད་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས། རིག་དངོས་གནའ་ཤུལ་བཙན་བཟུང་དང་གཏོར་བརླག་གཏོང་བའི་གནད་དོན་འབུར་ཐོན་དག་ཐག་གཅོད་ནན་མོ་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་ཤུལ་བཞག་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གནད་དོན་དག་ཐེར་ནན་འཛིན་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་དགོས་ཏེ། གནད་དོན་ཤེས་རྟོགས་བྱེད་པར་ལམ་སྲོལ་གསར་གཏོད་བྱེད་དགོས་ལ། གནད་དོན་ཐག་གཅོད་བྱེད་པར་ཡང་ལམ་སྲོལ་གསར་གཏོད་བྱེད་དགོས། གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་གནོན་ཤུགས་སྤྲད་དེ་དག་ཐེར་ཡོ་བསྲང་གི་ལས་འགན་རིམ་པ་སོ་སོའི་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། འགན་འཁྲིའི་སྡེ་ཚན་བཅས་སུ་དོན་འཁྱོལ་བྱེད་དགོས། ལྟ་སྐུལ་སྤྱི་འདོམས་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱས་ཏེ། བཅོས་སྒྲིག་ལ་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱེད་དགོས། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱས་ཏེ་ཁྲིམས་འགལ་གྱི་མ་གནས་དམའ་བའི་གནད་དོན་ཐག་གཅོད་བྱེད་དགོས། ཡུལ་བབ་དང་བསྟུན་ཏེ་ལམ་ལུགས་ཀྱི་ཞན་ཆ་གསབ་ནས། དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་རིང་འཆར་འགོད་དང་སྲིད་ཇུས་ཀྱི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་དང་སྤྱི་དམངས་ཀྱི་ཐེ་ཞུགས་བྱ་རྒྱུར་སྐུལ་མ་བཏང་ནས་སྨྱན་སྦྱོར་དང་མང་ཚོགས་སོགས་ཕྱོགས་སོ་སོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཏེ་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཆེན་པོ་དེ་ཡག་པོར་སྒྲུབ་དགོས། 

རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་། མགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།