ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་སྟབས་བདེའི་བྱེད་ཐབས12ཀྱིས་མི་ཁྲི3000ལྷག་ལ་ཕན་ཁེ་བསྐྲུན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་སྔོན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས1ཉིན་དངོས་སུ་ལག་བསྟར་བྱས་པའི་ཚུན། ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ཞེས་པའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གི་སྟབས་བདེའི་བྱེད་ཐབས12ཀྱིས་མི་ཁྲི3000ལྷག་ལ་ཕན་ཁེ་བསྐྲུན་པ་རེད། དེའི་ནང་ཐེན་ཅིན་དང་ཁྲིན་ཏུའུ། སུའུ་ཀྲོའུ་ས་ཁུལ་གསུམ་དུ་འཕྲུལ་སྒུལ་འཁོར་ལོའི་ཁ་ལོ་བའི་ལག་ཁྱེར་དཔང་ཡིག་གློག་རྡུལ་ཅན་དུ་བསྒྱུར་བའི་ཚོད་ལྟ་སྤེལ་རྗེས། མི་ཁྲི150ལྷག་གི་གློག་རྡུལ་ཁ་ལོ་བའི་ལག་ཁྱེར་དཔང་ཡིག་བླངས་པ་དང་། ལས་སྒྲུབ་འགྲོ་ལུགས་དང་རྒྱུ་ཆ་སྟབས་བདེར་བཟོས་པས་ལག་ཁྱེར་དཔང་ཡིག་སྟབས་བདེའི་ཚད་མཐོར་འདེགས་སུ་བཏང་བ་མ་ཟད། འགྲིམ་འགྲུལ་སྐྱེལ་འདྲེན་དང་རླངས་འཁོར་གླ་གཏོང་། ཉེན་བཅོལ་ཉོ་སྒྲུབ་སོགས་ཀྱི་ལས་རིགས་ཁྱབ་ཁོངས་སུ་རྒྱ་ཆེར་བེད་སྤྱོད་བྱས་ཏེ། མང་ཚོགས་ཀྱིས་རླངས་འཁོར་བསྐོར་ནས་ཕྱིར་བསྐྱོད་པར་སྟབས་བདེ་སྐྲུན་པ་དང་ཁེ་ལས་ཀྱི་ལས་དོན་འཕེལ་རྒྱས་ལ་ཞབས་ཞུ་གང་ལེགས་བསྒྲུབས།

རྒྱུས་ལོན་པ་ལྟར་ན། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་དྲ་སྦྲེལ་དྲ་བ་དང་འགྲིམ་འགྲུལ་དོ་དོམ་གྱི་ཞབས་ཞུ་བྱེད་ཐབས་གསར་བ་རིགས5ལག་བསྟར་བྱས་པའི་ཚུན། རླངས་འཁོར་བདག་པོ་མི3000ལྷག་གིས་རླངས་འཁོར་བརྗེ་ཡུལ་དུ་ཐད་ཀར་དུ་ཉོ་ཚོང་ཐོ་འགོད་འགྲོ་ལུགས་སྒྲུབ་ནས་རླངས་འཁོར་རྙིང་བ་ཉོ་ཚོང་ཐོ་འགོད་ཞིང་ཆེན་གཞན་དུ་བསྐྱོད་མི་དགོས་པ་མངོན་འགྱུར་བྱས། རླངས་འཁོར་བདག་པོ་མི་ཁྲི་གཅིག་ལྷག་གིས་འཕྲུལ་སྒུལ་འཁོར་ལོའི་གཏའ་འཇོག་ཐོ་འགོད་ལས་དོན་སྟབས་བདེར་ངང་སྒྲུབ། འཕྲུལ་སྒུལ་འཁོར་ལོའི་བཙན་སྐུལ་ཉེན་བཅོལ་ཆ་འཕྲིན་དེ་དྲ་ཐོག་ནས་ཞིབ་བཤེར་བྱེད་པ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་རྗེས་རྒྱུ་ཆ་དང་འགྲོ་ལུགས་ཁྲི1000ལྷག་ཇེ་ཉུང་དུ་བཏང་ཡོད།

རྗེས་མར་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་ཁ་ལོ་བའི་གློག་རྡུལ་ལག་ཁྱེར་དཔང་ཡིག་སོགས་བྱེད་ཐབས་གསར་བའི་ཚོད་ལྟའི་ས་ཚིགས་ཁྱབ་གདལ་ལ་ཤུགས་བསྣན་ཏེ། མགྱོགས་མྱུར་ངང་རྒྱལ་ཡོངས་སུ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། མང་ཚོགས་དང་ཁེ་ལས་སྔར་ལས་མང་པོར་སྟབས་བདེ་དང་དངོན་ཕན་བསྐྲུན་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།