ཀྲུང་གོ་བོད་ཀྱི་དྲ་བ།

2025ལོར་རང་རྒྱལ་གྱི་ཐོན་ཁོངས་རྒྱུན་འཁོར་མ་ལག་ཕལ་ཆེར་འཛུགས་སྐྲུན་ལེགས་འགྲུབ་འབྱུང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་འཕེེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཚེས7ཉིན《ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་འཆར་འགོད》ཁྱབ་བསྒྲགས་བྱས་ལ། 2025ལོར་བསླེབས་དུས་རང་རྒྱལ་གྱི་ཐོན་ཁུངས་རྒྱུན་འཁོར་རྣམ་པའི་ཐོན་ལས་མ་ལག་ཕལ་ཆེར་བཙུགས་པ་དང་། སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཐོན་ཁུངས་རྒྱུན་འཁོར་བེད་སྤྱོད་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱུང་། ཐོན་ཁུངས་གཙོ་བོའི་ཐོན་ཚད་དེ2020ལོ་དང་བསྡུར་ན20%ལྷག་ཇེ་མཐོར་སོང་སྟེ། རྩིས་གཞི་རེའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་ཁུངས་ཟད་གྲོན་དང་ཆུ་བེད་སྤྱོད་བྱེད་ཚད་དེ2020ལོ་དང་བསྡུར་ན་སོ་སོར13.5%དང16%ཡས་མས་མར་ཆག་ཡོད།

འཆར་འགོད་ནང2025ལོར་བསླེབས་དུས་རང་རྒྱལ་གྱི་ཐོན་ཁུངས་བེད་སྤྱོད་པའི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་། བསྐྱར་སྐྱེས་ཐོན་ཁུངས་ཀྱིས་གདོད་མའི་ཐོན་ཁུངས་ཀྱི་ཚབ་བྱེད་བསྡུར་གྲངས་སྔར་ལས་མཐོ་རུ་ཕྱིན་པ། རྒྱུན་འཁོར་དཔལ་འབྱོར་གྱིས་ཐོན་ཁུངས་བདེ་འཇགས་ལ་འདེགས་སྐྱོར་དང་འགན་ལེན་བྱེད་པའི་ནུས་པ་སྔར་ལས་མངོན་གསལ་ཡིན་པ། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད86%ཡན་རྒྱུན་འཁྱོངས་ཐུབ་པ་དང་། འབོར་ཆེའི་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་སྤྱོད་ཚད60%ཟིན་པ། ཨར་སྐྲུན་གྱི་གད་སྙིགས་ཕྱོགས་བསྡུས་སྤྱོད་ཚད60%ཟིན་པ། ཤོག་སྙིགས་དང་ཕན་མེད་ངར་ལྕགས་སྤྱོད་ཚད་སོ་སོར་ཏུན་ཁྲི6000དང་ཏུན་དུང་ཕྱུར3.2ཟིན་པ། བསྐྱར་སྐྱེའི་མདོག་ལྡན་ལྕགས་རིགས་ཐོན་ཚད་ཏུན་ཁྲི2000ཟིན་པ། ཐོན་ཁུངས་འཁོར་རྒྱུག་ངང་སྤྱོད་པའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི5ཟིན་རྒྱུ་རེད། 

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ནུས་ཤུགས་ཡོད་རྒུས་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ཐོན་ཁུངས་བདེ་འཇགས་འགན་ལེན་བྱེད་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་དོན་སྙིང་གལ་ཆེན་ལྡན་ཞེས་བཤད། 

འཆར་འགོད་ནང་བཟོ་ལས་དང་སྤྱི་ཚོགས་འཚོ་བ། ཞིང་ལས་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་དམིགས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་བཏོན་ཡོད། གཅིག་ནས་གཙོ་གནད་ཐོན་རྫས་ཀྱི་ལྗང་མདོག་འཆར་འགོད་ཁྱབ་གདལ་དང་། གཙོ་གནད་ལས་རིགས་ཀྱི་ཐོན་སྐྱེད་གཙང་མར་ཤུགས་སྣོན། གླིང་ཁུལ་འཁོར་རྒྱུག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལ་ཤུགས་སྣོན། གྲོང་ཁྱེར་གྱི་སྙིགས་རོ་མཉམ་དུ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཅས་བྱས་ནས་ཐོན་ཁུངས་རྒྱུན་འཁོར་རྣམ་པའི་ཐོན་ལས་མ་ལག་བཙུགས་ཏེ་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་དངོས་ཟོག་རྙིང་རོ་ཚུར་བསྡུའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་། བསྐྱར་སྐྱེས་ཐོན་ཁུངས་ལས་སྣོན་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྙིང་པའི་ཚོང་ཟོག་ཁྲོམ་ར་ཚད་ལྡན་ངང་འཕེལ་རྒྱས་སུ་གཏོང་བ། བསྐྱར་བསྐྲུན་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་བརྒྱུད་དངོས་རྫས་རྙིང་རོ་བསྐྱར་དུ་བེད་སྤྱོད་གཏོང་བའི་མ་ལག་བཙུགས་ནས་ཐོན་ཁུངས་འཁོར་རྒྱུག་རྣམ་པའི་སྤྱི་ཚོགས་བསྐྲུན་དགོས་པ། གསུམ་ནས་ཞིང་ནགས་ཀྱི་བེད་མེད་དངོས་པོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བེད་མེད་ཞིང་འཕྲུལ་དངོས་ཟོག་ཚུར་བསྡུ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒྱུན་འཁོར་རྣམ་པའི་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་གཏོང་བ་བཅས་བྱས་ནས་ཞིང་ལས་ཀྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་སྟེ་འཁོར་རྒྱུག་རྣམ་པའི་ཞིང་ལས་ཐོན་སྐྱེད་བྱེད་སྟངས་འཛུགས་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།