ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་དབྱིན་ཇིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་བརྙན་ལམ་གླེང་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཀྲུང་ནན་ཧའེ་ཙེ་ཀོང་ཀོ་རུ་དབྱིན་ཇིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་བརྙན་ལམ་གླེང་མོལ་ཚོགས་འདུར་ཞུགས་ནས། ཀྲུང་དབྱིན་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས། པྲོག་གསར་གློ་ཚད་རིམས་ནད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། ཞབས་ཞུའི་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིག་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་གླེང་མོལ་དང་བསམ་བློ་བརྗེ་རེས་བྱས། པའེ་ཀྲོན་རེན་ཧྲོའུ་དང་། ཏི་ཡ་ཅི་ཨོའུ། དབྱི་ཧོ། ཨ་སི་ལི་ཁང་། ཝོ་པོ་མཉམ་འབྲེལ་ཚོགས་པ། དབྱིན་ཇིའི་རྡོ་སྣུམ། ལི་ཐུའོ་ཚོགས་པ། ཅེ་པའོ་ལུའུ་ཧུའུ། ཀའོ་ཝུའེ་ཧྲེན་ཁྲིམས་རྩོད་དོན་གཅོད་ཁང་། ཧྲི་ལུའོ་ཏེ་ཚོགས་པ། ལོན་ཏོན་སློབ་ཆེན་སློབ་གླིང་། དབྱིན་ཇིའི་སྡེ་ཚོགས48ཀྱི་རོལ་རྩེད་ཁང་སོགས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་དང་སྒྲིག་གཞིའི་འགན་འཁུར་བ30ལྷག་ཚོགས་འདུར་ཞུགས། 

     ཟླ7པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་ཀྲུང་ནན་ཧའེ་ཙེ་ཀོང་ཀོ་རུ་དབྱིན་ཇིའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་དང་བརྙན་ལམ་གླེང་མོལ་ཚོགས་འདུ་འཚོགས་ནས། ཀྲུང་དབྱིན་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས། པྲོག་གསར་གློ་ཚད་རིམས་ནད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། ཞབས་ཞུའི་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཚོགས་རིག་གནས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ནས་གླེང་མོལ་དང་བསམ་བློ་བརྗེ་རེས་བྱས།

ལི་ཁེ་ཆང་གིས་བསྟན་དོན། མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་སྔར་བཞིན་གཏན་འཁེལ་མེད་པ་དང་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་མང་པོ་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པའི་ཀྲུང་དབྱིན་གཉིས་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད། ཕྱོགས་མང་ཚོང་དོན་མ་ལག་ལ་སྲུང་སྐྱོང་བཅས་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། ཀྲུང་དབྱིན་བར་གྱི་འབྲེལ་བ་བརྟན་པོས་རང་མོས་དྲང་གཞག་གི་ཉོ་ཚོང་ལ་སྲུང་སྐྱོང་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད། གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ལ་ཕན་པ་མ་ཟད། ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཕན། ང་ཚོས་དབྱིན་ཇི་དང་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཕན་ཚུན་བརྩི་འཇོག་བྱས་ནས་མཐུན་པར་བརྩོན་ལེན་དང་མི་མཐུན་སོར་འཇོག གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། འདྲ་མཉམ་འབྲེལ་འདྲིས་བྱས་པ་བརྒྱུད་ཐུན་མོང་གི་ངོས་འཛིན་ཆགས་པ་དང་། མི་མཐུན་ཆག་བསལ་བྱས་ནས་ཀྲུང་དབྱིན་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ལི་ཁེ་ཆང་གིས་བསྟན་དོན། མིའི་རིགས་ནི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ཚེ་གཞི་ནས་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་ཐུབ། ཀྲུང་དབྱིན་གཉིས་ཀ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱེད་སྔ་ཤོས་ཀྱི་རྒྱལ་ཁབ་རེད། ཀྲུང་གོས་རིམས་འགོག་སྨན་ཁབ་དེ་གོ་ལ་ཧྲིལ་པོའི་སྤྱི་བའི་ཐོན་རྫས་ཀྱི་ངོ་བོ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་མང་པོ་དང་རིམས་འགོག་སྨན་ཁབ་ཀྱི་འབྲེལ་ཡོད་མཉམ་ལས་བྱས་ཏེ་ཕྱོགས་སོ་སོའི་འབྲེལ་འདྲིས་ལ་མུ་མཐུད་དུ་ཤུགས་བསྣན་པ་དང་། ལྷག་པར་དུ་གཞན་འགྱུར་ནད་དུག་སོགས་ཐད་ཀྱི་ཚན་ཞིབ་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ནས་གོ་ལ་ཧྲིལ་པོ་རིམས་ནད་ལས་རྣམ་པར་རྒྱལ་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་འདོད་ཡོད། 

ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས2030ལོའི་སྔོན་ཐཱན་རྩེར་སོན་དང2060ལོའི་སྔོན་ཐཱན་སྙོམ་སྒྲིག་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཁྱབ་བསྒྲགས་གནང་། དེ་ནི་ང་ཚོ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་བརྒྱུད་དགོས་བའི་ལམ་བུ་ཞིག་རེད། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཆ་ནས། ཀྲུང་གོས་དུས་རབས་འདིའི་དུས་དཀྱིལ་དུ་དེང་རབས་ཅན་མངོན་འགྱུར་བྱས་ནས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པའི་བརྒྱུད་རིམ་ཁྲོད་ཐཱན་ཉུང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་པའི་ལས་འགན་ཧ་ཅང་ལྕི་བས། ང་ཚོས་དེའི་ཐད་དཀའ་སྤྱད་ཚད་མེད་ཀྱི་འབད་བརྩོན་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ལྗང་མདོག་ལག་རྩལ་མཉམ་ལས་རྒྱ་ཆེར་བཏང་སྟེ་གནམ་གཤིས་འགྱུར་ལྡོག་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་རེ་བ་ཡོད། 

ལི་ཁེ་ཆང་གིས་བསྟན་དོན། བཅོས་བསྒྱུར་སྒོ་འབྱེད་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་པས་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཁྱོན་ཡོངས་ནས་སྒོ་མོ་ཕྱེས་ཟིན་པ་དང་། ཞབས་ཞུའི་ལས་རིགས་གོ་རིམ་ལྡན་པའི་ངང་སྒོ་མོ་འབྱེད་བཞིན་ཡོད། སྒོ་མོ་འབྱེད་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་རྒྱུ་རེད། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་བརྒྱུད་རིམ་ཁྲོད་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་མུ་མཐུད་དུ་འབད་ཅིང་། ཕྱི་ཕྱོགས་ཁེ་ལས་ཚུད་པའི་ཁྲོམ་རའི་གཙོ་གཞི་སྣ་ཚོགས་ལ་ལྟ་སྟངས་གཅིག་མཚུངས་བཟུང་ནས་ཕྱི་རྒྱལ་གྱི་མ་དངུལ་སྔར་བས་མང་བ་ཀྲུང་གོར་ཡོང་བར་དགའ་བསུ་ཞུ། དབྱིན་ཇིས་ཀྲུང་གོའི་ཁེ་ལས་དབྱིན་ཇིར་མ་འཇོག་ལས་གཏོད་བྱེད་པར་འདྲ་མཉམ་དང་དྲང་གཞག མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་བྱེད་བཞིན་ཡོད། 

ལི་ཁེ་ཆང་གིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀར་ལོ་རྒྱུས་ཡུན་རིང་ལྡན་པ་དང་འོད་སྟོང་འཕྲོ་བའི་རིག་གནས་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་བར་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་སྒོ་དབྱེ་བསྟུན་མཁས། མཉམ་སྡུད་མཉམ་གསོག་བཅས་ཀྱི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་བྱས་ནས། མིའི་རིགས་ཀྱི་དཔལ་ཡོན་སྣ་མང་རང་བཞིན་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་གི་དཔལ་ཡོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། ལི་ཁེ་ཆང་གིས་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་སོ་སོས་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་བརྒྱབ་ཏེ། མི་དམངས་བར་གྱི་ཤེས་རྟོགས་དང་བསམ་ཤེས་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཁོ་འདོན་བྱེད་དགོས་པའི་ལྕག་སྐུལ་གནང་། 

ཚོགས་ཞུགས་དབྱིན་ཇི་ཕྱོགས་ཀྱི་མི་སྣས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་བར་བློ་ཡིད་ཚིམ་ཡོད། ཀྲུང་གོ་ནི་དབྱིན་ཇིའི་དཔལ་འབྱོར་ཚོང་དོན་གྱི་རོགས་ཟླ་གལ་ཆེན་ཞིག་ཡིན་ལ། དབྱིན་ཇིའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོའི་ཁྲོམ་རར་ཚད་མཐོའི་མཐོང་ཆེན་བྱེད་ཅིང་། ཀྲུང་གོའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། རྒྱལ་ཁབ་གཉིས་པོས་དངུལ་རྩ་དང་ཞབས་ཞུ། ཞིང་ལས། སྨན་བཅོས། སློབ་གསོ། བཟོ་སྐྲུན་ལས་རིགས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་གཉིས་ཁེའི་བར་མཐོངས་ཧ་ཅང་ཆེན་པོ་ལྡན། དབྱིན་ཇི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོར་ཚོང་དོན་དང་མ་འཇོག་གི་འབྲེལ་བར་སྔར་བས་ཤུགས་སྣོན་བརྒྱབ་ནས་དངོས་སྒྲུབ་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་དབྱིན་ཇི་དང་ཀྲུང་གོའི་སྤྱི་ཡོངས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱིན་ཡོད། 

ཐེངས་འདིའི་གླེང་མོལ་ཚོགས་འདུས“ཕན་ཚུན་གྱི་ཡིད་ཆེས་ཆེ་རུ་གཏོང་། མཉམ་ལས་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་། ཐུན་མོང་གི་འཕེལ་རྒྱས་དོན་དུ་གཉེར”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཤིང་། ཀྲུང་གོའི་ཚོང་དོན་སྐུལ་འདེད་ཨུ་ལྷན་དང་དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས། དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲན་ཁྲིན་ཞེན་ཞུན་ཅུའེ་དང་ཀྲུའུ་ཞི་ཀུའུ་ཕེ་ཆིན་ཅུའེ་ཧྲི་ཡིས་གཏམ་བཤད་གནང་ཞིང་མགོ་འཛིན་མཛད། 

ཝང་དབྱི་དང་ཧོ་ལི་ཧྥུང་གོང་གསལ་གྱི་བྱེད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།