ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་དངོས་སུ་ཤར་གཏོང་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས(http://www.cpc100summit.org)ཚེས6ཉིན་དངོས་སུ་ཤར་གཏོང་བྱས་པ་དང་། དྲ་ཚིགས་དེ་ནི་ཀྲུང་གུང་གུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་ཡིན།

དབུ་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་དེ་རྒྱ་ཡིག་དང་དབྱིན་ཡིག་གི་པར་གཞི་གཉིས་སྤྱད་དེ། གཙོ་བོ་གསར་འགྱུར་གལ་ཆེན་དང་གསར་འགྱུར་འགུལ་རྣམ། གྲོས་ཚོགས་ཀྱི་གཏམ་བཤད། བརྙན་ཟློས་ཆེད་སྒྲིག པར་རིས་ཆེད་སྒྲིག ལོ་རྒྱུས་བྱ་འགུལ་སོགས་ཀྱི་ལེ་ཚན་བཀོད་སྒྲིག་བྱས་ཡོད་དེ། དབང་གྲགས་ལྡན་པའི་སྒོ་ནས་དབུ་ཚོགས་ཀྱི་འབྲེལ་ཡོད་འགུལ་རྣམ་གསར་འགྱུར་དང་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མགོ་ཁྲིད་པའི་དབུ་ཚོགས་དེ་པེ་ཅིང་གི་དུས་ཚོད་ཟླ7པའི་ཚེས6ཉིན་གྱི་དགོང་མོ་འཚོག་རྒྱུ་ཡིན་ཞིང་། ཚོགས་འདུས“མི་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་ཏང་གི་འགན་འཁྲི་ཡིན”ཞེས་པ་བརྗོད་དོན་དུ་བཟུང་ཡོད་ལ། རྒྱལ་ཁབ160ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་སོགས་ཀྱི་མགོ་ཁྲིད་པ500ལྷག་དང་། སྲིད་ཏང་གི་འཐུས་ཚབ་པ་མི་ཁྲི་ལྷག་ཚོགས་འདུར་ཞུགས་རྒྱུ་རེད། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ནི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་ཏང་བར་གྱི་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། ཐུན་མོང་ངང་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་རིམས་ནད་ཀྱིས་བསྐྱལ་ཡོང་བའི་འགྲན་སློང་ལ་ཁ་གཏད་ནས། མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་བྱེད་པའི་འདུ་ཤེས་དང་ནུས་པ་ཇེ་ཆེར་གཏོང་བ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་དེ་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།