ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུའི་དམག་དཔོན་ཆེན་མོའི་གོ་རྟགས་སྤྲོད་པའི་མཛད་སྒོ་འཚོགས་ལ་ཞི་ཅིན་ཕིང་གིས་བཀའ་རྒྱའི་ལག་ཁྱེར་གནང་ཞིང་གོ་རྟགས་ཐོབ་པའི་དམག་དཔོན་ལ་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།


པར་འདི་ནི་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་དམག་དཔོན་ཆེན་མོའི་གོ་རྟགས་ཐོབ་པའི་དམག་དཔོན་དང་མཉམ་པར་ལེན་པའི་ཚུལ་རེད།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས5ཉིན། ཀྲུང་དབྱང་དམག་ཨུའི་དམག་དཔོན་ཆེན་མོའི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དཔོན་ཆེན་མོའི་གོ་རྟགས་ཐོབ་པའི་དམག་དཔོན་ལ་བཀའ་རྒྱའི་ལག་ཁྱེར་གནང་བ་རེད། 

ཕྱི་དྲོའི་ཆུ་ཚོད5དང་སྐར་མ15ཙམ་ལ། གོ་རྟགས་སྤྲོད་པའི་མཛད་སྒོ་དེ་བརྗིད་ཉམས་ཆེ་བའི་རྒྱལ་གླུའི་ཁྲོད་མགོ་བརྩམས། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལིའང་གིས་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་རྟགས་བཀོད་པའི་དམག་དཔོན་ཆེན་མོའི་གོ་རྟགས་སྤྲད་པའི་བཀའ་རྒྱ་སྒྲོག་སྦྱངས་གནང་། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤྲོད་པའི་མཛད་སྒོར་མགོ་འཛིན་གནང་། 

ཐེངས་འདིར་དམག་དཔོན་ཆེན་མོའི་གོ་རྟགས་ཐོབ་པའི་དམག་དཔོན་ནི་ལྷོ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་ཝང་ཞིའུ་པིང་དང་། ནུབ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་ཞུའུ་ཆི་ལིང་། སྐམ་དམག་གི་དམག་སྤྱི་ལིའུ་ཀྲེན་ལི། འཐབ་ཇུས་རོགས་སྐྱོར་དཔུང་སྡེའི་དམག་སྤྱི་ཅུའུ་ཆན་ཧྲེང་བཅས་རེད། 

དམག་དཔོན་ཆེན་མོའི་གོ་རྟགས་ཐོབ་པའི་དམག་དཔོན་བཞི་བོས་དམག་ཆས་སྤྲས་ཏེ་དཔའ་ཉམས་དོད་པོས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་རྒྱའི་ལག་ཁྱེར་སྤྲད་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། དམག་དཔོན་ཆེན་མོའི་དཔུང་རྟགས་བཏགས་པའི་དམག་དཔོན་བཞི་བོས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།    

གོ་རྟགས་སྤྲད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་མཇུག་སྒྲིལ། དེ་རྗེས་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་དམག་དཔོན་ཆེན་མོའི་གོ་རྟགས་ཐོབ་པའི་དམག་དཔོན་དང་མཉམ་པར་བླངས།  

ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙའོ་ཁྲིང་། མིའོ་ཧྭ། ཀྲང་ཧྲེང་མིང་བཅས་དང་། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། པེ་ཅིང་དུ་སྡོད་པའི་ལས་ཁུངས་ཆེ་གྲས་ཀྱི་མགོ་ཁྲིད་གཙོ་བོ་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།