ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱིས་ཞིང་སྡེའི་གཙང་སྦྲ་འགུལ་སྐྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་སྡེའི་གཙང་སྦྲ་འགུལ་སྐྱོད་ལ་སྤྱི་བསྡོམས་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཞིང་སྡེ་དེ་གཙང་ཞིང་གྲལ་དག་པ་ནས་མཛེས་སྡུག་དང་གནས་ལ་འཚམ་པར་རིམ་སྤར་བྱུང་ནས། གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གྱི་ཁོར་ཡུག་རྨང་གཞི་ཇེ་བརྟན་དུ་གཏོང་ཆེད། ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡིས་ཚེས4ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྒྱལ་ཡོངས་ཀྱི་ཞིང་སྡེའི་གཙང་སྦྲ་འགུལ་སྐྱོད་ཀྱི་ཡུལ་དངོས་ཚོགས་འདུ་བསྡུས། 

2018ལོའི་ལོ་མཇུག་ཏུ། ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་ཞིང་ལས་ཞིང་སྡེ་པུའུ་སོགས་སྡེ་ཁག18ཀྱིས་མཉམ་དུ་ཞིང་སྡེའི་གཙང་སྦྲ་འགུལ་སྐྱོད་ལག་བསྟར་བྱེད་མགོ་བརྩམས་ནས་མིག་སྔར་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ཝང་ཀྲིན་ཕུའུ་ཡིས་བཤད་རྒྱུར། 2020ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་ཀྱི་ཞིང་སྡེ་མང་ཆེ་བས་རྣམ་པ་སྣ་ཚོགས་ཀྱི་གཙང་སྦྲའི་འགུལ་སྐྱོད་སྤེལ་བ་དང་། ཞིང་སྡེ་རུ་ཡུན་རིང་ལ་གནས་བའི“བཙོག་ཟིང་ཞན་གསུམ”གྱི་རྣམ་པ་སྒྱུར་ཏེ། ཞིང་སྡེ་མང་ཆེ་བས་གཙང་ཞིང་གྲལ་དག་པ་དང་གོ་རིམ་ལྡན་པ་ཕལ་ཆེར་མངོན་འགྱུར་བྱས་ལ་ཞིང་སྡེའི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་ཡོད་ཟེར།

ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལྟ་བུར་མཚོན་ན། མུ་མཐུད་དུ་ལེགས་བཅོས་བྱུང་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས། ཀན་ལྷོས་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་སྟེ་མང་ཚོགས་ཕྱུག་སྒྱུར་བྱུང་བར་སྣེ་ཁྲིད་བྱས། ད་ལོའི་ཟླ1པོ་ནས་ཟླ6པའི་བར་ཁུལ་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི404ལྷག་སྣེ་ལེན་བྱས་ཏེ། ཡུལ་སྐོར་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར20ལས་བརྒལ་བ་རེད།

ཝང་ཀྲིན་ཕུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། རྗེས་མར་ཞིང་སྡེའི་གཙང་སྦྲ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བར། འཚོ་སྡོད་ཁོར་ཡུག་ལ་དམིགས་ཏེ་གཙོ་གནད་ཐོལ་བརྒལ་དང་སྤྱི་ཡོངས་མཐོར་འདེགས་གཏོང་དགོས། ས་གནས་སོ་སོས་མཛེས་སྡུག་གྲོང་ཚོ་འཛུགས་སྐྲུན་ལ་དམིགས་ཏེ། ཡུལ་བབ་དང་བསྟུན་པར“གསུམ་སེལ་གཅིག་སྒྱུར”གྱི་ནང་དོན་རྒྱ་བསྐྱེད་དགོས། དྲིལ་སྒྲོག་སྐུལ་སློང་དང་སློབ་གསོ་སྐུལ་འདེད། དཔེ་སྟོན་སྣེ་ཁྲིད་བཅས་ལེགས་པོར་འཛིན་པ་བརྒྱུད་དེ། ནུས་ཤུགས་ཡོད་རྒུས་ཞིང་བས་འཚོ་བའི་གོམས་སྲོལ་ཡག་པོ་ཆགས་པར་སྣེ་ཁྲིད་བྱེད་དགོས། གཙང་སྲུང་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། ལྟ་སྐུལ་གཟེངས་བསྟོད་ལམ་ལུགས་འཐུས་ཚང་དུ་གཏོང་བ་བརྒྱུད་དེ། ལམ་ལུགས་ཅན་དང་ཡུན་རིང་ཅན་གྱི་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་སྡེའི་གཙང་སྦྲ་འགུལ་སྐྱོད་དང་ཞིང་སྡེའི་རྨང་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཐོན་ལས་དར་སྤེལ་དང་ཡུལ་སྲོལ་དཔལ་ཡོན། ཞིང་བའི་འབབ་འཕར་བཅས་ཟུང་འབྲེལ་དམ་ཚགས་བྱེད་དགོས།

རྒྱུས་ལོན་བྱས་པ་ལྟར་ན། ཀྲུང་དབྱང་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་བཅས་ཀྱིས་རྩ་འཛུགས་བྱས་ནས་སྒྲིག་བཟོ་བྱེད་བཞིན་པའི《ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་མཐོར་འདེགས་ཀྱི་ལོ་ལྔའི་འགུལ་སྐྱོད་ཇུས་གཞི(2021-2025ལོ)》ཁྲོད། ཞིང་སྡེའི་གཙང་སྦྲ་འགུལ་སྐྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་རྒྱུ་དེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་ཀྱི་ཞིང་སྡེའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ལས་འགན་གལ་ཆེན་དུ་བཞག་ཡོད།

ཚོགས་འདུའི་སྐབས་སུ། སི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ནས་ཡོང་བའི་ཚོགས་ཞུགས་འཐུས་མིས་གཙང་སྦྲའི་འགུལ་སྐྱོད་ཉམས་མྱོང་ཕྱོགས་ནས་བརྗེ་རེས་གཏམ་བཤད་སྤེལ་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།