ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ལའོ་ཝུའོ་ཡི་རྒྱལ་འཛུགས་འཐབ་ཕྱོགས་ཀྱི་ཀྲུང་དབྱང་ཀྲུའུ་ཞི་ཞིན་ལ་ཧྥུང་དང་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིང་དུ་བརྙན་ལམ་ནས་ལའོ་ཝུའོ་ཡི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་འཛུགས་འཐབ་ཕྱོགས་ཀྱི་ཀྲུང་དབྱང་གི་ཀྲུའུ་ཞི་ཞིན་ལ་ཧྥུང་དང་མཇལ་འཕྲད་གནང་། 

ཝང་དབྱང་གིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་ལའོ་ཝུའོ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ལོན་པ་དང་། ཀྲུང་གོ་དང་ལའོ་ཝུའོ་ཡི་མཛའ་མཐུན་ལོ་རེད། སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་མགོར་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་ཁ་པར་བཏང་ནས། ཀྲུང་ལའོ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་དུས་འདིར། ང་ཚོ་ངོ་འཕྲད་གླེང་མོལ་བྱས་པ་འདིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ལའོ་ཝུའོ་རྒྱལ་འཛུགས་འཐབ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མཐོ་ཤོས་ཀྱིས་བསྟན་པའི་ཁ་ཕྱོགས་ལ་གཞིགས་ཏེ། འབྲེལ་འདྲིས་དང་ཕན་ཚུན་མིག་ལྟ་བྱས་ནས་ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བ་འཕེལ་རྒྱས་སྔར་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། 

ཞིན་ལ་ཧྥུང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་གདེང་འཇོག་ཚད་མཐོ་གནང་བ་མ་ཟད། ཀྲུང་གོ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅིང་། ལའོ་ཝུའོ་རྒྱལ་འཛུགས་འཐབ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ལི་པིན་དང་ཀའོ་ཡུན་ལུང་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།