ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅིར་མཇལ་འཕྲད་གནང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས29ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས29ཉིན་གྱི་སྔ་དྲོར་པེ་ཅིང་དུ་རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅིར་མཇལ་འཕྲད་གནང་ཞིང་། ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་རྟེན་འབྲེལ་ཞུས།

སྔ་དྲོའི་དུས་ཚོད11དང་སྐར་མ30སྟེང་། ཞི་ཅིན་ཕིང་བཅས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་ཕེབས་སྐབས། ཚོགས་ར་ཡོངས་སུ་དགའ་བསུའི་ཐལ་སྒྲའི་ཁེངས། ཞི་ཅིན་ཕིང་བཅས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅིའི་གྲལ་དབུས་སུ་སོང་སྟེ། ཚང་མ་དང་མཉམ་དུ་བྱམས་བརྩེ་ལྡན་པའི་ངང་གླེང་མོལ་མཛད་པ་མ་ཟད་མཉམ་པར་བླངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་ཏིན་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་གཉིས་མཇལ་འཕྲད་ལ་ཞུགས།

རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅིའི་གཟེངས་བསྟོད་ཚོགས་འདུ་དེ་ཚེས29ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་བསྡུས། ཁྲིན་ཞི་ཡིས་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཚོར་སྙིང་ཉེ་བའི་མཇལ་འཕྲད་གནང་བར་བརྟེན་ནས། ཏང་ཀྲུང་དབྱང་གིས་རྫོང་ཨུའི་ཧྲུའུ་ཅིར་མཐོང་ཆེན་དང་ཐུམས་ཁུར་ཟབ་མོ་མཛད་པ་མཚོན། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅི་མིག་དཔེར་བཟུང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། “འདུ་ཤེས་བཞི”ཤུགས་ཆེར་གཏོང་བ་དང་། “ཡིད་ཆེས་བཞི” སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། གཞུང་དྲང་གི་གཤིས་རྒྱུད་བརྟན་པོར་གཏོང་བ་དང་མི་དམངས་ལ་བཅིངས་པའི་བརྩེ་སེམས་བརྟན་སྲུང་བྱས་ཏེ། དངོས་གཉེར་བྱེད་སྟངས་དར་སྤེལ་དང་འགན་འཁུར་སྙིང་སྟོབས་ཞུན་བརྡར་བྱེད་པ་དང་།ཉམས་སད་ཐེག་ཐུབ་པའི་རྩལ་ནུས་སྦྱོང་བརྡར་དང་སྤྱོད་གཙང་སྤྱོད་ལམ་རྒྱུན་འཛིན་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་གསུང་།

ཧི་པེ་ཞིང་ཆེན་ཧྥུའུ་ཕིན་རྫོང་ཨུའི་ཧྲུའུ་ཅི་ལིའུ་ཅིན་དང་། ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཨུའི་ཧྲུའུ་ཅི་ཧྲིན་མིན་ཆོན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧོང་ཕའོ་ཆུས་ཏང་ཨུའི་ཧྲུའུ་ཅི་ཙིན་ཁྲིན། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཨུའི་ཧྲུའུ་ཅི་ཚེ་བརྟན། ཀན་སུའུ་ཞིང་ཆེན་ཏུང་ཞང་རིགས་རང་སྐྱོང་རྫོང་ཨུའི་ཧྲུའུ་ཅི་མཱ་ཞིའུ་ལན་བཅས་ཀྱིས་གྲོས་ཚོགས་སྟེང་གཏམ་བཤད།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྟོབས་ཤུགས་ཆེན་པོས་སྔོན་ཐོན་མིག་དཔེར་བཞེངས་འདེམས་བྱས་ཏེ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྔར་ལས་ལྷག་པར་དུས་རབས་གསར་བ་དང་མདུན་བསྐྱོད་བགྲོད་ལམ་གསར་བར་བསྐྱོད་པར་སྐུལ་ལྕག་གནང་ཆེད། ཏང་ཀྲུང་དབྱང་གིས་ཆོག་མཆན་གནང་སྟེ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་རྫོང་དང་(གྲོང་ཁྱེར་དང་ཆུས། ཆི།)ཏང་ཨུའི་ཧྲུའུ་ཅིའི་ལས་གནས་སུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་བློ་མཐུན103ལ་རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅིའི་མཚན་སྙན་གནང་།།


རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།