ཞི་ཅིན་ཕིང་གིས་ཁམ་ཕུ་ཀྲེ་ཡི་མི་དམངས་ཏང་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་ཐད་ནས་ཁམ་ཕུ་ཀྲེ་མི་དམངས་ཏང་གི་ཀྲུའུ་ཞིར་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁམ་ཕུ་ཀྲེ་ཡི་མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སིན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས། ཁམ་ཕུ་ཁྲེ་ཡི་མི་དམངས་ཏང་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ངས་ཁམ་ཕུ་ཀྲེ་ཡི་མི་དམངས་ཏང་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སྐབས་འདིར་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པ་དང་མི་སྒེར་གྱི་མིང་ཐོག་ནས་ཀྲུའུ་ཞི་ཧུང་སིན་དང་ཁམ་ཕུ་ཀྲེ་མི་དམངས་ཏང་། ཁམ་ཕུ་ཀྲེ་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཀྲེ་ནི་གྲོགས་པོ་བཟང་བོ་དང་ལས་སྐལ་ཐུན་མོང་ཚོགས་པ་ཡིན་ལ། ཕྱོགས་གཉིས་ཀས་དུས་ཡུན་རིང་བོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོན་པོ་རྒྱུན་འཁྱོངས་བྱས། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས་ཀྱང་ཕྱོགས་གཉིས་ཀས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཏེ། ལག་ལེན་དངོས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་པ་བསྐྲུན། ཀྲུང་གོ་གུང་ཁྲན་ཏང་གིས་ཁམ་ཕུ་ཀྲེ་མི་དམངས་ཏང་བར་གྱི་མཛའ་མཐུན་འབྲེལ་བར་མཐོང་ཆེན་བྱེད་རྒྱུ་དང་། ཀྲུའུ་ཞི་མཆོག་དང་ལྷན་དུ་ཕྱོགས་གཉིས་ཀའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་སྣེ་འདོམས་ལ་ཤུགས་སྣོན་རྒྱུ་དང་། ཏང་ཁག་བར་གྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་བར་གྱི་ཐུན་མོང་ལས་སྐལ་ཚོགས་པ་མཉམ་སྐྲུན་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།