ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ལ་བརྙན་ལམ་ནས་ཐུག་འཕྲད་མཛད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས28ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་བརྙན་ལམ་ནས་ཐུག་འཕྲད་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་མཉམ་ལས་ཆིངས་ཡིག་ཅེས་པ་དངོས་སུ་ཕྱིར་འགྱངས་བྱས་པ་ཐག་བཅད། ཕུའུ་ཅིན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།

1127606503_16248914614761n.jpg

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་མི་འགྱངས་པར་ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་མཉམ་ལས་ཆིངས་ཡིག་བཀོད་དེ་ལོ་ཉི་ཤུ་འཁོར་བར་བསུ་མ་བྱེད་ལ་ཉེ། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་མཉམ་ལས་ཆིངས་ཡིག་གིས་གཏན་འབེབས་བྱས་པའི་མི་རབས་མཛའ་མཐུན་འདུ་ཤེས་ནི་རྒྱལ་ཁབ་གཉིས་ཀའི་རྩ་བའི་ཁེ་ཕན་དང་མཐུན་ལ་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་འདིའི་བརྗོད་དོན་དང་ཡོངས་སུ་འཚམ་པར་མ་ཟད། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་བསྐྲུན་པའི་ལག་ལེན་གསོན་པོ་དང་ཀུན་ནས་མཐུན། མིག་སྔའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་འཕེལ་རྒྱས་དང་བརྟན་འཇགས། སྲ་བརྟན་བཅས་ཀྱི་ཕྱོགས་སུ་འཕེལ་ཏེ། རྒྱལ་སྤྱིའི་སྣེ་མང་འགྱུར་ལྡོག་གི་ཉམས་སད་ཅི་རིགས་ཐེག་ཐུབ་པའི་ཚད་དུ་སླེབས། ཕྱོགས་གཉིས་ཀས་སོ་སོའི་ཁེ་ཕན་གཙོ་བོའི་གནད་དོན་སྟེང་ནས་ཕན་ཚུན་རྒྱབ་སྐྱོར་རྦད་ཆོད་བྱས་པ་དང་འཐབ་ཇུས་མཐུན་སྦྱོར་ལ་ཕན་འབྲས་ཐོབ་སྟེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱས། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ཆེ་ལ་སྤུས་ཚད་དང་རྣམ་པ་གང་ཐད་ནས་འཕེལ་རྒྱས་བྱུང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱུང་ནས་མཉམ་དུ་ངེས་དོན་གྱི་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་ལ་སྲུང་སྐྱོབ་བྱས། འཛམ་གླིང་འགྱུར་ལྡོག་ཆེ་བའི་དུས་སྐབས་སུ་ཚུད་པ་དང་མིའི་རིགས་ཀྱི་འཕེལ་རྒྱས་ལ་ཉེན་ཁ་ཅི་རིགས་བྱུང་བའི་གནས་སྟངས་འོག་ཏུའང་། ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲང་ཕྱོགས་ནུས་ཚད་ཅི་རིགས་བསྣན་ནས། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བའི་དཔེ་གཞི་གསོན་ཉམས་ཅན་བསྟན། ང་ཚོས་ཁྱོན་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རྣམ་ཀུན་ཏུ་ཡང་དག་པའི་ཁ་ཕྱོགས་སུ་སྙེག་གིན་པ་དང་སྒུལ་ཤུགས་ཉམས་མེད་ཀྱི་ལེགས་འགྲུབ་ཉམས་མྱོང་ལ་སྤྱི་སྡོམ་གནད་སྨིན་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་དམིགས་འབེན་གསར་པ་དང་འོས་འགན་གསར་པར་རྩེ་རིམ་ཇུས་འགོད་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་མཉམ་ལས་ཆིངས་ཡིག་ལ་དུས་རབས་གསར་པའི་ནང་བཅུད་འཛོམས་པར་བྱེད་དགོས། ཆིངས་ཡིག་འདིའི་དགོངས་དོན་གྱི་སྣེ་སྟོན་འོག་ཏུ། མདུན་སྐྱོད་ཀྱི་ལམ་སྔར་ལས་ཀྱག་ཀྱོག་ཆེ་ནའང་། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་སེམས་ཤུགས་གཅིག་བསྡུས་བྱས་ཏེ་ཡང་དག་པའི་ཁ་ཕྱོགས་སྙེག་ཐུབ་པར་ཡིད་ཆེས་ཡོད།

1127606503_16248914978671n.jpg

ཕུའུ་ཅུན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་མཉམ་ལས་ཆིངས་ཡིག་གིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མི་རབས་མཛའ་མཐུན་འབྲེལ་བའི་བསམ་པ་མཚོན་ཡོད་ཅིང་། ཆིངས་ཡིག་གིས་གཏན་འབེབས་བཟོས་པའི་འབྲེལ་ཡོད་ཆོས་ཉིད་དང་དགོངས་སྙིང་གིས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དུས་ཡུན་རིང་བོའི་བར་བདེ་ལེགས་ངང་འཕེལ་རྒྱས་འགྲོ་བའི་ཐད་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་བཏོན། ཨུ་རུ་སུ་ཕྱོགས་ཀྱིས་མིག་སྔའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་མེད་ཆུ་ཚད་གསར་པར་སླེབས་པ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འབྲེལ་བ་ཁྱོན་ཡོངས་ནས་རྨང་རྐང་བརྟན་པོའི་ངང་འཕེལ་རྒྱས་འབྱུང་གིན་པར་ཡིད་ཚིམ་ཡོད། དེ་རིང་ང་ཚོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ་ཆིངས་ཡིག་ཕྱིར་འགྱངས་བཏང་བ་གཏན་འཁེལ་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིངས།

དབྱང་ཅེ་ཁྲི་དང་ཝང་དབྱི་སོགས་གོང་གསལ་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།