ཞི་ཅིན་ཕིང་གིས་འབྲི་ཆུའི་པད་ཧི་ཐན་ཆུ་གློག་ས་ཚིགས་ཀྱིས་གློག་བཏོན་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབྲི་ཆུའི་པད་ཧི་ཐན་ཆུ་གློག་ས་ཚིགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བདེ་ལེགས་ངང་གློག་བཏོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ཁྲོད་བསྟན་དོན། པད་ཧི་ཐན་ཆུ་གློག་ས་ཚིགས་ནི་ནུབ་གློག་ཤར་འདྲེན་གྱི་རྒྱལ་ཁབ་ཀྱི་བཟོ་སྐྲུན་ཆེན་པོ་ཞིག་ཡིན་ལ། མིག་སྔའི་འཛམ་གླིང་སྟེང་གི་གཞི་ཁྱོན་ཆེས་ཆེ་ལ་ལག་རྩལ་དཀའ་ཁག་ཆེས་ཆེ་བའི་ཆུ་གློག་བཟོ་སྐྲུན་ཡིན་པ་དང་། འཛམ་གླིང་གི་ཤོང་ཚད་ཆེས་ཆེ་ཞིང་ནུས་ཚད་ཆེས་ཆེ་བའི་གློག་འདོན་འཕྲུལ་ཆས་ཚན་ཁག་ཅིག་ཀྱང་ཡིན་པས། དེས་རང་རྒྱལ་གྱི་སྒྲིག་ཆས་རྩེ་གྲ་བསྐྲུན་པའི་ཐད་ཐོད་བརྒལ་བྱས། འཛུགས་སྐྲུན་པ་དང་འབྲེལ་ཡོད་ཕྱོགས་ཁག་སོ་སོས་ཡག་ཐོག་རྒྱན་བརྩེགས་དང་རེ་བ་ཆེན་པོ་བཅངས་ནས་མཐུན་སྒྲིལ་གཞོགས་འདེགས་དང་དཀའ་ངལ་ཁྱད་སེལ་སྒོས་རང་རྒྱལ་གྱི་བཟོ་སྐྲུན་ཆེ་གྲས་འཛུགས་སྐྲུན་ལ་བྱས་རྗེས་འཇོག་དགོས།

ཞི་ཅིན་ཕིང་གིས་འཛུགས་སྐྲུན་པ་དང་འབྲེལ་ཡོད་ཕྱོགས་ཁག་སོ་སོས་མུ་མཐུད་དུ་པད་ཧི་ཐན་ཆུ་གློག་ས་ཚིགས་ཀྱི་རྗེས་སྒྲུབ་ལས་གཞིར་སྐུལ་འདེད་གཏོང་བའི་ཐད་གཅིག་གྱུར་འཆར་འགོད་བྱས་ཏེ། ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱུང་བར་འབད་མཐར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལྷད་མེད་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་བྱ་བར་བྱས་རྗེས་ཆེན་པོ་འཇོག་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་ཆུ་གློག་ས་ཚིགས་དེའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱེད་པ། འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་འཁྱོངས་དང་དུས་རྣམ་ཀུན་ཏུ་སྤུས་ཚད་བདེ་འཇགས་གཙོ་བོར་འཛིན་པ། ལག་ཤེས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་བཅས་ལ་འབད་དེ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ལེགས་པོ་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་གང་ལེགས་བྱེད་པ། མི་དམངས་ཀྱི་འཚོ་བ་ལེགས་བཅོས་གང་ལེགས་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་གསར་པ་འཇོག་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།