ཀྲུང་གོ་བོད་ཀྱི་དྲ་བ།

རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་འཕར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས28ཉིན། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་རྡོ་སྣུམ་གྱི་རིན་གོང་འགྱུར་ལྡོག་ལ་དམིགས་ཏེ། ད་ལྟ་སྤྱོད་བཞིན་པའི་བཟོས་གྲུབ་སྣུམ་གྱི་རིན་གོང་གྲུབ་པའི་ལམ་སྲོལ་གཞིར་བཟུང2021ལོའི་ཟླ6པའི་ཚེས28ཉིན་གྱི་དགུང་མོའི་དུས་ཚོད12སྟེང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིམ་གོང་སོ་སོར་ཏུན་རེར་སྒོར225དང་སྒོར215འཕར་བ་རེད། 

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར།  ཀྲུང་གོ་རྡོ་སྣུམ་དང་། ཀྲུང་གོ་རྡོ་འགྱུར་སྣུམ།  ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་བཅས་ཀུང་སི་ཆེན་པོ་གསུམ་གྱིས་བཟོས་གྲུབ་སྣུམ་གྱི་ཐོན་སྐྱེད་དང་གཏོང་འདྲེན་ལས་དོན་སྒྲིག་འཛུགས་ཡག་པོ་བྱས་ཏེ། ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་དང་རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་ནན་མོ་བྱས།  ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཚོང་རར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ།  རྒྱལ་ཁབ་ཀྱི་རིན་གོང་སྲིད་ཇུས་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས།  རྒྱུན་ལྡན་གྱི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱ་དགོས།  འཛད་སྤྱོད་པས12315ལས་སྟེགས་བརྒྱུད་ནས་རིན་གོང་ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་བྱས་ཆོག

ཐེངས་འདིའི་བཟོས་གྲུབ་སྣུམ་གྱི་རིན་གོང་སྙོམས་སྒྲིག་དུས་འཁོར་ནང་། རྒྱལ་སྤྱིའི་ཁྲོམ་རའི་བཟོ་བཅོས་མ་བརྒྱབ་པའི་རྡོ་སྣུམ་གྱི་རིན་གོང་མུ་མཐུད་དུ་འཕར་བཞིན་ཡོད། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་རིན་གོང་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དུས་ཐུང་ནང་རྒྱལ་སྤྱིའི་སྣུམ་རིན་དེ་གཡོ་འགུལ་ཐེབས་པའི་འཕེལ་ཕྱོགས་མངོན་བཞིན་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།