ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སེན་ལ་ཁམ་ཕུ་ཁྲེ་མི་དམངས་ཏང་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས28ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སེན་ལ་རྟེན་འབྲེལ་ཞུ་ཡིག་བསྐུར་ཞིང་། ཁམ་ཕུ་ཁྲེ་མི་དམངས་ཏང་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་བསྟན་དོན། ཁམ་ཕུ་ཁྲེ་མི་དམངས་ཏང་དབུ་བརྙེས་ནས་ལོ་འཁོར70ལོན་པའི་དུས་འདིར་ངས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས། དེ་མིན་ང་སྒེར་ངོས་བཅས་ནས་ཀྲུའུ་ཞི་ཧུང་སེན་དང་ཁམ་ཕུ་ཁྲེ་མི་དམངས་ཏང་། ཁམ་པུ་ཁྲེ་མི་དམངས་བཅས་ལ་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུ་བ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། དུས་ཡུན་རིང་བོ་ཞིག་ལ་ཁམ་ཕུ་ཁྲེ་མི་དམངས་ཏང་གིས་ཁམ་ཕུ་ཁྲེ་མི་དམངས་ལ་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལས་དོན་ཐད་སྣེ་ཁྲིད་དེ་ས་ཁུལ་བརྟན་འཇགས་དང་དར་རྒྱས་ཐད་གྲུབ་འབྲས་མི་དམན་པ་ཐོབ་པར་སྐུལ་ཁྲིད་བྱས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཁམ་ཕུ་ཁྲེ་ཡིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་སྟེང་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། སྐུ་ཞབས་ཀྲུའུ་ཞི་ལགས་ཀྱི་ཡང་དག་པའི་དབུ་ཁྲིད་འོག་ཁམ་ཕུ་ཁྲེ་མི་དམངས་ཏང་གིས་མུ་མཐུད་དུ་ཁམ་ཕུ་ཁྲེ་རྒྱལ་ཁབ་དར་རྒྱས་ཡོང་བ་དང་མི་དམངས་བདེ་སྐྱི་ལྡན་པ། ས་ཁུལ་ཞི་བདེ་དང་འཕེལ་རྒྱས་འགྲོ་བར་གྲུབ་འབྲས་གསར་བ་དེ་ལས་མང་པོ་ལོན་པར་ཡིད་ཆེས་ཡོད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ནི་རྡོ་རྗེ་སྤུན་གྲོགས་དང་ལས་དབང་གཅིག་གྲུབ་ཀྱི་ཕུང་བོ་ཡིན་པས་དུས་ཡུན་རིང་བོར་ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་བྱས་ཡོད། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་ཕྱོགས་གཉིས་ཀྱིས་ཕྱར་བ་གྲུ་འདེགས་དང་ལྟ་རེས་སྲུང་རེས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་སྟེང་ནས་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་མཛའ་གྲོགས་འབྲེལ་བ་དེ་སྲ་ཞིང་བརྟན་པ་དང་གསོན་ཤུགས་ཀྱིས་ཁེངས་པར་བྱས་ཡོད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་ཁམ་ཕུ་ཁྲེ་མི་དམངས་ཏང་དང་མཛའ་གྲོགས་མཉམ་ལས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ངས་སྐུ་ཞབས་ཀྲུའུ་ཞི་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཏང་བར་དང་ཁྱབ་ཁོངས་གཞན་དག་བར་སྤེལ་རེས་མཉམ་ལས་ཀྱི་འབྲེལ་བ་གཏིང་ཇེ་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།