ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་འཇུག་ལྟེ་གནས་པེ་ཅིང་དུ་བཙུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས26ཉིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་འཇུག་ལྟེ་གནས་པེ་ཅིང་དུ་བཙུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་གོ་ཁྲིམས་རིག་པ་ཚོགས་པའི་ཚོགས་གཙོ་ཝང་ཁྲིན་ཞིབ་འཇུག་ལྟེ་གནས་འཛུགས་པའི་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་འཇུག་དང་རྣམ་བཤད། སྒྲོག་བཤད་བཅས་ཀྱི་བྱ་བ་གང་ལེགས་སྒོས་བསྒྲུབ་དགོས་པ་དང་། ཚན་རིག་རིགས་གཞུང་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་བར་སྐུལ་འདེད་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་ཞབས་འདེགས་བཟང་བོ་ཞུ་དགོས།

ཏང་ཀྲུང་དབྱང་གིས་ཆོག་མཆན་བཀོད་པ་བརྒྱུད། ཀྲུང་གོ་ཁྲིམས་རིག་པའི་ཚོགས་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་འཇུག་ལྟེ་གནས་བཙུགས་པ་དེ་ནི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། མི་དམངས་ཚོགས་པ། ས་གནས་བཅས་ཀྱིས་བཙུགས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་འཇུག་ལས་ཁུངས་སྐོར་གཉིས་པའི་ནང་གི་གཅིག་རེད།

ཝང་ཁྲིན་གྱིས་གཏམ་བཤད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་གཞུང་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ཐོན་ལ་ཡོད་པའི་སྐབས་སུ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་འཇུག་ལྟེ་གནས་བཙུགས་པར་དོན་སྙིང་གལ་ཆེན་ལྡན་པ་དང་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་ཡིན་པས། ངེས་པར་དུ་རྒྱ་ཆེའི་ཁྲིམས་རིག་པ་དང་བཅའ་ཁྲིམས་བྱ་བ་སྒྲུབ་མཁན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ཞིབ་འཇུག དྲིལ་སྒྲོག་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་དགོས་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་དཀའ་སྤྱད་འབད་འཐབ་སྒོས་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་ཁྲིམས་རིག་པ་ཚོགས་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཀྲུང་གོ་ཁྲིམས་རིག་པ་ཚོགས་པའི་ཁོངས་སུ་གཏོགས་པའི་ཞིབ་འཇུག་ཁང་སོ་སོ་དང་པེ་ཅིང་གྲོང་ཁྱེར་ཁྲིམས་རིག་པ་ཚོགས་པ། པེ་ཅིང་དུ་ཡོད་པའི་སྲིད་ཁྲིམས་སློབ་གླིང་ཁ་ཤས་བཅས་ནས་ཡོང་བའི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།