ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཞེ་བདུན་པས་ཚེས་ཉེར་ལྔ་ཉིན་རང་གི་མངའ་ཁོངས་ཀྱི་འགྲོ་སའི་ཁྱིམ་མེད་པའི་མིའི་འགྲོ་མིའི་ཐོབ་ཐང་གནད་དོན་གྱི་དམིགས་བསལ་སྙན་ཞུ་བའི་མཉམ་འབྲེལ་གྲོས་མོལ་སྤེལ། ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་གི་མངའ་ཁོངས་ཀྱི་འགྲོ་སའི་ཁྱིམ་མེད་པའི་གནད་དོན་གྱི་འབྱུང་རྐྱེན་ལ་བསམ་བློ་ཞིབ་ཏུ་བཏང་སྟེ། གནད་དོན་དེའི་དོ་སྣང་ཤུགས་ཚད་ཇེ་ཆེར་བཏང་ནས་ཕན་ནུས་ལྡན་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀྲུང་གོའི་འཐུས་མིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་རང་གི་མངའ་ཁོངས་སུ་འགྲོ་སའི་ཁྱིམ་མེད་པའི་མི་གྲངས་ཡང་བསྐྱར་ཆེས་མཐོའི་ཚད་དུ་བསླེབས་པ་དང་། ཕྱིའི་སྣང་ཚུལ་མཐོང་བའི་སྐབས་སུ་དེའི་འབྱུང་རྐྱེན་ལ་བསམ་བཞི་ཞིབ་ཏུ་གཏོང་དགོས། རྒྱལ་ཁབ་རེ་འགས་དམངས་གཙོ་དང་འགྲོ་མིའི་ཐོབ་ཐང་ལ་ཁ་གཡར་ནས་གང་སར་འཐབ་འཁྲུག་བསླངས་པ་དང་། ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་གང་འདོད་དུ་ལག་བསྟར་བྱས་ནས། ཉེས་མེད་མི་སེར་མང་བོ་རང་ཁྱིམ་དང་འབྲལ་བར་བྱས་ཡོད། རྒྱལ་ཁབ་རེ་འགའི་རིགས་རྒྱུད་རིང་ལུགས་ཇེ་སྡུག་ཏུ་སོང་སྟེ་རྒྱལ་ཁབ་རང་གི་ཨ་ཧྥེ་རི་ཁ་གླིང་གི་རིགས་རྒྱུད་ལ་སྡོད་ཁང་ཐོབ་ཚད་ཇེ་དམའ་རུ་སོང་། རྒྱལ་ཁབ་རེ་འགས་བདེ་ཐང་དབང་ཆ་དང་ཚེ་སྲོག་དབང་ཆ་སྣང་མེད་དུ་བསྐྱུར་ཏེ། རིམས་འགོག་ནུས་པ་ཞན་པ་ལས་མི་སྣ་མང་བོ་ལས་ཤོར་བྱུང་ནས་སྲང་ལམ་དུ་འཁྱམ་དགོས་བྱུང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་གི་མངའ་ཁོངས་ཀྱི་འགྲོ་སའི་ཁྱིམ་མེད་པའི་མིའི་གནད་དོན་ལ་དོ་སྣང་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། གནད་དོན་དེ་ཐག་གཅོད་བྱེད་པའི་ནུས་ལྡན་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཀྲུང་གོའི་འཐུས་མིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་རང་གི་མངའ་ཁོངས་ཀྱི་འགྲོ་སའི་ཁྱིམ་མེད་པའི་མིའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།