རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་ཆ་སྤེལ་བར་མ་ཟད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་ཆ་སྤེལ་བར་མ་ཟད་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཀྱི་བྱུང་རིམ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ། འབུར་ཐོན་ཁྱད་ཆོས་བཅས་ཁྱོན་ཡོངས་ནས་མཚམས་སྦྱོར་བྱས།

རྒྱབ་ཤ་དཀར་པོའི་ནང་བཤད་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། ལམ་ལུགས་དེས་ཀྲུང་གོའི་ས་རྒྱུ་གཞི་རྩ་བྱས་པར་མ་ཟད་ཧུར་ཐག་སྒོས་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ཕུལ་བྱུང་གྲུབ་འབྲས་དཔྱད་གཞིར་བཟུང་བ་དང་དང་ལེན་བྱས་པས། དེ་ནི་ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཡིན། ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་དང་དམངས་གཙོ་ཏང་ཁག་བརྒྱད། དེ་མིན་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་འདུ། ཀྲུང་གོ་གུང་ཁྲན་ཏང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་ཡུན་རིང་མཉམ་གནས་དང་ཕན་ཚུན་ལ་ལྟ་སྐུལ་བྱས་པ་དང་། གཅིག་སེམས་གཅིག་གཏད་དང་ཁྲེལ་གྲགས་མཉམ་ཁུར་བྱས་པས། གུང་ཁྲན་ཏང་གིས་མགོ་ཁྲིད་པ་དང་ཏང་ཁག་མང་པོའི་བར་མཉམ་ལས་བྱེད་པ།  གུང་ཁྲན་ཏང་གིས་སྲིད་སྐྱོང་བ་དང་ཏང་ཁག་མང་པོ་ཞུགས་པའི་ཆབ་སྲིད་ཀྱི་རྣམ་པ་ཆགས་པར་བྱས་ཡོད་ཟེར།

རྒྱབ་ཤ་དཀར་པོའི་ནང་བསྟན་དོན། ལོ་བདུན་ཅུའི་རིང་ལ་འཕེལ་རྒྱས་སོང་བ་བརྒྱུད། ཀྲུང་གོའི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཉིན་རེར་འཐུས་ཚང་དུ་སོང་བ་དང་། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་གྱི་རྣམ་པ་གསར་བར་གྱུར་ཡོད། རྒྱབ་ཤ་དཀར་པོའི་དཔེ་ཆའི་ནང་འཛམ་གླིང་ཡོངས་ལ་ཀྲུང་གོས་མུ་མཐུད་དུ་མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་གྱི་ཕན་ཡོད་གྲུབ་འབྲས་དཔྱད་གཞིར་འཛིན་པ་དང་དང་ལེན་བྱེད་པ་ལས་རྒྱལ་ཁབ་གཞན་པའི་སྲིད་ཏང་ལམ་ལུགས་ཀྱི་གཞན་དཔེ་འདྲ་བཤུས་གཏན་ནས་མི་བྱེད་པ་དང་། ཀྲུང་གོའི་སྲིད་ཏང་ལམ་ལུགས་ཀྱི་རྣམ་པ་དེ་རྒྱལ་ཁབ་གཞན་པས་ལག་བསྟར་བྱེད་མིན་ལ་གནོན་ཤུགས་སྟེར་མི་སྲིད། ཀྲུང་གོས་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། བརྗེ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་སྣོན་པ་དང་། འཛམ་གླིང་གི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་འདོད་ཡོད་ཅེས་ཁྱབ་སྒྲོག་བྱས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།