ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད་པ་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་བསྟན་དོན། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་པ་དང་། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་ཉེ་བའི་དུས་སྐབས་གལ་ཆེན་དུ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆག་སྟངས་གསར་བ་བསྐྲུན་པའི་བརྗོད་དོན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ་ནི། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཀྱི་ཆག་སྟངས་གསར་བ་བསྐྲུན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་ཡིན། གྲོས་མོལ་ཁྲོད། རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་མཐོན་པོས་འགན་འཁྲི་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་ཆག་སྟངས་གསར་བ་བསྐྲུན་ཆེད་ཐུན་མོང་གི་ལྟ་བ་དང་རིག་སྟོབས། སྟོབས་ཤུགས་གཅིག་ཏུ་བསྡུས་པ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་དགེ་མཚན་ནུས་པ་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་ཆག་སྟངས་གསར་བ་བསྐྲུན་པ་ནི་རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་སྐབས་ཀྱི་གོ་སྐབས་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཡིན་པས། རྒྱལ་ཡོངས་སྲིད་གྲོས་ཀྱིས་མུ་མཐུད་དུ་བྱ་བའི་རྣམ་པ་གསར་གཏོད་བྱེད་པ་དང་། གྲོས་མོལ་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ཆག་སྟངས་གསར་བ་བསྐྲུན་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ནས། ཆུ་ཚད་མཐོ་བའི་འགན་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ཆེད་མཁས་པའི་གྲོས་མོལ་ཚོགས་པའི་སྟེགས་བུ་བཀོལ་སྤྱོད་བྱས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཁ་ཕྱོགས་ནས་ཞིབ་འཇུག་དང་གྲོས་མོལ་ཟབ་མོ་བྱེད་པ་དང་། རིན་ཐང་ལྡན་པའི་གྲོས་གཞི་འདོན་དགོས། གྲོས་མོལ་རང་བཞིན་གྱི་ལྟ་སྐུལ་གྱི་ཁྱད་འཕགས་དགེ་མཚན་འདོན་སྤེལ་བྱེད་ན། ལོ་ལྔའི་འཆར་གཞི་བཅུ་བཞི་པ་ལག་བསྟར་བྱེད་པའི་འབྲེལ་ཡོད་བྱ་བར་དམིགས་ནས་དམངས་གཙོ་ལྟ་སྐུལ་སྤེལ་བ་དང་། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་རྒྱུ་དེ་ལྟ་སྐུལ་གྱི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། སྲིད་གྲོས་ལ་རྒྱུས་ལོན་བྱེད་པ་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་ལ་མཁས་པའི་རེ་བ་ལྟར་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། གྲོས་མོལ་གྱི་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། སྐུལ་སློང་སྣེ་ཁྲིད་བྱས་ཏེ། ཨུ་ཡོན་རྣམས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་གྱི་བྱ་བའི་ཁྲོད་ཞུགས་པའི་གྲོས་མོལ་ནུས་པ་མཐོར་འདེགས་གཏོང་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། གྲ་སྒྲིག་དང་རྩ་འཛུགས་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བ་བཟང་བོར་བསྒྲུབ་པ། སྲིད་གྲོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། སྲིད་གྲོས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

བརྡས་ཐག་བཅད་པ་བརྒྱུད་དེ། ཚོགས་ཐོག་ཏུ་ཝང་ཅིན་ཆིན་དང་ཝང་ཞའོ་ཏུང་གཉིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དུ་གདམ་པ་དང་། ཝང་ཞའོ་ཏུང་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་བསྐོ་བ། ཝང་ཅིན་ཆིན་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པར་གདམ་རྒྱུའི་ཐག་བཅད། བློ་མཐུན་ལིའུ་ཧྭ་ཡིས་བྱ་བའི་དབང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལས་འགན་ཁར་མཚམས་འཇོག་པའི་རེ་ཞུ་དང་ལེན་བྱས་པ་དང་། བློ་མཐུན་ལིའུ་ཧྭ་ཡིས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའི་འགན་མི་ཁུར་བའི་ཐག་བཅད།

གྲོས་ཚོགས་མ་གྲོལ་བའི་སྔོན་དུ། སློབ་སྦྱོང་འཆད་ཁྲིད་བསྡུས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་གླིང་གི་གླིང་གཙོ་ཆུས་ཆིན་ཧྲན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱ་དང་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་བརྗོད་དོན་དུ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་འཛམ་གླིང་གི་འགྱུར་ལྡོག་ཆེན་པོའི་རྙོག་འཛིང་གནས་བབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ཡོངས་གཉིས་ཀྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བླང་བྱ་སོགས་ཕྱོགས་ནས་ཟུར་ཁྲིད་བྱས་པ་མ་ཟད་རྒྱུན་ལས་ཨུ་ཡོན་རྣམས་དང་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།