ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”ཨེ་ཤེ་ཡ་ས་ཁོངས་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཡིག་ཐོག་གི་རྟེན་འབྲེལ་ཞུ་ཡིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”ཨེ་ཤེ་ཡ་ས་ཁོངས་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཡིག་ཐོག་གི་རྟེན་འབྲེལ་ཞུ་ཡིག་ཕུལ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པའི་དམིགས་ཡུལ་ནི་དར་གོས་ལམ་བུའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་སྒོ་འབྱེད་མཉམ་ལས་ཀྱི་ལས་སྟེགས་བཏོད་དེ་རྒྱལ་ཁབ་ཁག་གི་མཉམ་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་འདོན་རྒྱུ་དེ་ཡིན་ལ། ལོ་ངོ8རིང་རྒྱལ་ཁབ140ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད་དེ་མཉམ་ལས་རོགས་ཟླ་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་སོ་སོས་སྲིད་ཇུས་སྦྲེལ་མཐུད་དང་སྒྲིག་བཀོད་སྦྲེལ་མཐུད། ཚོང་དོན་ཤར་གཏོང་། མ་དངུལ་རྒྱུན་འཁོར། དམངས་སེམས་གཅིག་མཐུན་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དངོས་སྒྲུབ་མཉམ་ལས་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་རྣམ་གྲངས་མང་དག་ཅིག་ལག་ཏུ་བསྟར་ཏེ། ཕྱོགས་ཡོངས་དང་མཉམ་འདུས་རྣམ་པའི་ཕན་ཚུན་སྦྲེལ་མཐུད་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་མདུན་ལམ་གསར་པ་བཏོད་ཡོད། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ང་ཚོས་ཕན་ཚུན་རོགས་རེས་དང་ཐུན་མོང་ཐོག་དཀའ་ངལ་ཁྱད་དུ་བསད་དེ་མུ་མཐུད་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་མདུན་ཕྱོགས་སུ་བསྐྱོད་བར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཏེ་གོ་ལ་ཧྲིལ་པོའི་ནད་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོ་འབྱུང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་མཉམ་ལས་རྩ་དོན་མཐའ་འཁྱོངས་དང་། སྒོ་འབྱེད་དང་ལྗང་མདོག སྤྱོད་གཙང་། མཉམ་ལས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་བཅས་ཀྱི་མཉམ་ལས་དམིགས་ཚད་ལ་གཞོལ་དགོས། ཀྲུང་གོ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླར་ཁྲོམ་རའི་གོ་སྐབས་དང་། མ་འཇོག་གི་གོ་སྐབས། འཕར་བའི་གོ་སྐབས་དེ་ལས་མང་བ་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་མཐུན་སྒྲིལ་མཉམ་ལས་དང་། ཕན་ཚུན་འབྲེལ་མཐུད། མཉམ་དུ་འཕེལ་རྒྱས་བཅས་ཀྱི་འགྲོ་ལམ་སྟེང་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།