ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས2021ལོའི“ཆེས་མཛེས་པའི་ལྷ་རྗེ”ཞེས་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས《2021ལོའི“ཆེས་མཛེས་པའི་ལྷ་རྗེ”ཞེས་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམ་བྱས་ཏེ། 2021ལོའི“ཆེས་མཛེས་པའི་ལྷ་རྗེ”ཞེས་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས།

བརྡ་ཐོ་ནང་ནན་གྱིས་བསྟན་དོན། སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པས་སྣེ་ཁྲིད་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བླང་བྱ་རྒྱུས་ལོན་མཐིལ་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཕུལ་བྱུང་སྨན་ལས་འཕྲོད་བསྟེན་མི་སྣའི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་བྱས་པ་བརྒྱུད། ཏང་གིས་མགོ་ཁྲིད་པའི་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་འཚར་སྡུག་འོད་སྟོང་གི་འགྲོ་ལམ་ལྡན་པ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པའི་ཐོག་མའི་སེམས་འདུན་མངོན་མཚོན་བྱས་ཡོད།

བརྡ་ཐོའི་ནང་གསལ་བོ་བསྟན་དོན། སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་དེ་ཁྱོན་ཡོངས་ནས་སྐུལ་སློང་དང་རྩ་འཛུགས་ཀྱིས་འོས་སྦྱོར། འདེམས་སྒྲུག་རྟོག་ཞིབ། ཡོངས་བསྒྲགས་ཁྱབ་བསྒྲགས། གཅིག་སྡུད་དྲིལ་སྒྲོག སློབ་སྦྱོང་གཏིང་ཟབ་བཅས་ལྷུ་ཚིགས་འགའ་ཡིས་གྲུབ་པ་རེད། སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་འདི་ནི་འཕྲོད་བསྟེན་བདེ་ཐང་གི་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་པའི་སྨན་བཅོས་འཕྲོད་བསྟེན་ལས་དོན་པ་རྣམས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལག་ལེན་ནང་ཏང་དང་སེམས་པ་གཅིག་མཐུན་དང་ཏང་དང་ལས་རིགས་གཅིག་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་གཙོ་གནད་དུ་བཟུང་ནས་བྱས་རྗེས་མངོན་གསལ་དོད་པོ་ལྡན་པ་དང་མི་སེམས་འགུལ་བ། མང་ཚོགས་དང་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པ་ཞིག་ཡིན་དགོས།

བརྡ་ཐོའི་ནང་བསྟན་དོན། སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་དམ་འཛིན་བྱེད་པའི་ལས་གཞི་གལ་ཆེན་ཞིག་དང་རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས། བླ་ན་མེད་པའི་ལས་རིགས་སྙིང་སྟོབས་བཅས་དར་སྤེལ་གཏོང་བའི་དངོས་ཡོད་ཀྱི་བྱ་ཐབས་ཤིག་ཀྱང་རེད། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་སྔོག་འདོན་གཏིང་ཟབ་དང་དྲིལ་སྒྲོག་རྒྱ་ཁྱབ་བྱས་ཏེ་དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་རྒྱ་ཆེའི་སྨན་བཅོས་འཕྲོད་བསྟེན་ལས་དོན་པ་རྣམས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་ཧུར་བརྩོན་བྱ་རྒྱུར་སྐུལ་ལྕག་བཏང་སྟེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་བདེ་རྩ་ཆེ་རུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་ཆེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

བརྡ་ཐོ་ལྟར་ན། ཟླ8པའི་ཚེས19ཉིན་ཀྲུང་གོའི་ལྷ་རྗེ་དུས་ཆེན་གྱི་སྔ་རྗེས་སུ་སྤྱི་ཚོགས་ཡོངས་ལ2021ལོའི“ཆེས་མཛེས་པའི་ལྷ་རྗེ”ཡི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱ་འཆར་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།