ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ད་ལོའི་བྱ་བ་གཙོ་བོར་ཞིབ་འཇུག་བྱས་པ་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ལག་བསྟར་ཇུས་གཞི་ལ་གྲོས་སྡུར་བྱས་ནས་གྲོས་འཆམ་བྱུང་།

 ལིས་ཁི་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག ཕྱོགས་སོ་སོས་འབད་བརྩོན་བྱས་པ་དང་ལྷག་པར་དུ་ནུབ་རྒྱུད་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤོབས་པ་ཆེར་བསྐྱེད་སྒོས་འབད་འཐབ་བྱས་པ་བརྒྱུད། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ཡོད་ནའང་ནུབ་རྒྱུད་འཕེལ་རྒྱས་དོ་མི་མཉམ་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་གསར་སྐྲུན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་ལྟར། བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ནང་ཁུལ་གྱི་གསོན་ཤུགས་ཇེ་ཆེར་གཏོང་དགོས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་དམངས་ཚིས་ལེགས་བཅོས་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་བཏང་ནས། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཚོང་རའི་གཙོ་གཞི་ནི་ཚོང་རའི་དཔལ་འབྱོར་གྱི་རྨང་གཞི་བྱེ་བྲག་ཅིག་ཡིན་པས། ནུབ་རྒྱུད་ས་ཁུལ་གྱིས་ཚོང་རའི་གཙོ་གཞི་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ་དང་དཔལ་འབྱོར་གསོན་ཤུགས་མཐོར་འདེགས་སུ་གཏོང་བའི་ཐད་ནས་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་དགོས་ལ། གློད་སྡོམ་ཞབས་གསུམ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པར་མ་ཟད་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཚོང་རར་ཞུགས་པའི་ནུས་ཤུགས་ཇེ་ཆེར་གཏོང་དགོས། འཕེལ་རྒྱས་ཁྲོད་དུ་དམངས་ཚིས་ལེགས་བཅོས་དང་འགན་སྲུང་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་ཅིང་གཞི་རྩའི་སྤྱི་ཐུན་ཞབས་ཞུ་རིམ་བཞིན་དོ་མཉམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། གཞི་རྩའི་སྡོད་ཁང་སོགས་འགན་སྲུང་ནུས་པ་མཐོར་འདེགས་སུ་གཏོང་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་ཞིང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས། ནུབ་རྒྱུད་གསར་སྤེལ་ཆེན་མོ་བྱེད་པར་མཉམ་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ཝང་ཡུང་། ཞོ་ཅེ། ཧི་ལིས་ཧྥིན་བཅས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།