རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་འཚོགས་འགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོ་པེ་ཅིང་དུ་དངོས་སུ་འཚོགས་འགོ་བརྩམས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་དངོས་འབེབས་དང་ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་སྐྲུན་རྒྱུ་བརྗོད་དོན་དུ་བཟུང་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འགོ་རྩོམ་མཛད་སྒོར་ཞུགས།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་ནས་སྙན་ཞུ་ཕུལ་བར་མ་ཟད། ཡུལ་དངོས་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་རྣམས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན། ཝང་ཡུང་གིས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་དངོས་འབེབས་ལ་སྐུལ་འདེད་གཏོང་བ་དང་ཤུགས་ཆེན་པོས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་སྐྲུན་རྒྱུུ་ནི། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་བསྐྲུན་པར་དོན་སྙིང་ཆེན་པོ་ལྡན། མིག་སྔར་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱས་པ་སྤྱིའི་ཆ་ནས་བདེ་ལེགས་ཡིན་པ་དང་ལས་རིམ་ཁག་སོ་སོའི་འོས་འགན་ཡང་དེ་དང་བསྟུན་ནས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་ཀྱིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་དང་གཞི་གཅིག་ཏུ་སྦྲེལ་ནས་སྐུལ་འདེད་གཏོང་བ། གཅིག་གྱུར་སྒོས་མཁོ་འདོན་དང་དགོས་མཁོ། རང་འགུལ་དང་སྒོ་འབྱེད། སྤྱི་ཡོངས་དང་བྱེ་བྲག སྲིད་གཞུང་དང་ཁྲོམ་ར། འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ལེགས་པོ་བྱེད་པ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དམིགས་འབེན་འོས་འགན་ལ་དབྱེ་ཞིབ་ནན་མོ་བྱེད་པ། གཅིག་གྱུར་འཆར་འགོད་མ་ལག་འཐུས་ཚང་དུ་གཏོང་བ། བཟོ་སྐྲུན་ལས་གཞི་གཙོ་བོ་དམ་པོར་འཛིན་པ། སྲིད་ཇུས་མཐུན་སྦྱོར་དང་བྱ་བར་གཞོགས་འདེགས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ལ་འབད་མཐར། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་གཞི་ཁྱོན་ཡོངས་ནས་དངོས་འབེབས་མཐར་ཕྱིན་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་ཀྱིས་ཚོགས་འདུར་འགོ་འཛིན་བྱས། ལིས་ཝེ་དང་ཧོང་ཀྲིན། ཝན་ཅན་མེན། ཅང་ཙོ་ཅུན། ལིའུ་ཅི་ཝེ། ཀྲང་ཧེ་ཏིས་སོགས་རྒྱུན་ལས་ཨུ་ཡོན་དྲུག་གིས་ཚོགས་ཆེན་སྟེང་གཏམ་བཤད་བྱས་ཏེ་བསམ་འཆར་དང་གྲོས་གཞི་བཏོན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།