ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་ལ་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་ཧ་སང་ལ་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཐན་ཙན་ནི་ཡའི་སྲོལ་རྒྱུན་གྱི་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྒན་རབས་དག་གིས་གསར་སྐྲུན་བྱས་པ་དང་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་ཆེན་མོའི་ཚོད་བགམ་བརྒྱུད་ཡོད། 2013ལོར་ངས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས། ཐོག་དང་པོ་ཨ་ཧྥེ་རི་ཁར་འཚམས་འདྲི་སོང་བའི་རྒྱལ་ཁབ་ནི་ཐན་ཙན་ནི་ཡའི་རྒྱལ་ཁབ་ཡིན། འཚམས་འདྲི་བྱེད་པའི་རིང་ལ། ངས་ཟོག་མེད་བརྩེ་སེམས་ཀྱི་འདུ་ཤེས་ཐོག་མར་བཏོན་པ་ཡིན། ད་ལྟ་ཀྲུང་གོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་བྱེད་པའི་གཞི་རྩའི་སྲིད་ཇུས་ཀྱི་འདུ་ཤེས་ཤིག་ཏུ་གྱུར་ཡོད།  

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐབས་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་སྟེ། ཐན་ཙན་ནི་ཡ་ཕྱོགས་ཀྱིས་རང་རྒྱལ་གྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེར་བཏང་ནས་ཐུན་མོང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་དགོས། མིག་སྔར། ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་ཏང་སྲིད་སྤེལ་རེས་མཉམ་ལས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་བསམ་བློ་རྗེས་རེས་ཐད་ལ་ཤུགས་སྣོན་བརྒྱབ་ནས།  “རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ་ཐན་ཙན་ནི་ཡའི་འཕེལ་རྒྱས་གྱི་འཐབ་ཇུས་དང་སྦྲེལ་ནས། ཞིང་ལས་དང་འགྲིམ་འགྲུལ། འཕྲིན་གཏོང་། ཡུལ་སྐོར། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཀྲུང་གོའི་ཁེ་ལས་དེ་བས་མང་པོ་ཐན་ཙན་ནི་ཡར་དངུལ་གཏོང་ལས་དར་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ཏེ། རིམས་ནད་སྔོན་འགོག་གི་མཉམ་ལས་ཐད་རྒྱབ་སྐྱོར་བྱེད་པ་དང་། རྒྱུན་ཆེད་མེད་པར་ཀྲུང་གོ་དང་ཐན་ཙན་ནི་ཡའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཞེས་བསྟན། 

ཧ་སང་གིས་བཤད་རྒྱུར།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཡུན་རིང་ལ་འོད་སྟོང་ལྡན། ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག  ཀྲུང་གོའི་མི་དམངས་ལ་མི་རིགས་རང་བཙན་དང་བཅིངས་འགྲོལ་ཐོབ་པ་མ་ཟད།  སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་ཐོག་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རེ་རེ་བཞིན་ཐོབ་ཡོད།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག    ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།   ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་ལ་བརྩི་མཐོང་བྱེད་པ་དང་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ།  ཀྲུང་གོ་ཕྱོགས་ཀྱི་དབུལ་ཐར་འགག་སྒྲོལ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཚོང་དོན་དང་རྨང་གཞིའི་སྒྲིག་ཆས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་སོ་སོའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད།  ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་སྲིད་ཇུས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་ཐའེ་ཝན།  ཤང་ཀང་།  ཞིན་ཅང་དང་འབྲེལ་བ་ཡོད་པ་སོགས་ཀྱི་ལྟེ་བའི་ཁེ་ཕན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ།  ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་གི་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་འཕེལ་རྒྱས་གསར་པ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།