རང་རྒྱལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཁ་གྲངས་ཀྱིས་ཕལ་ཆེར་གོ་ལ་ཧྲིལ་བོའི་ཕྱེད་ཀ་ཟིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་ཆེས་གསར་བའི་བསྡོམས་རྩིས་ལས་མངོན་པ་ལྟར་ན། 2021ལོའི་ཟླ5བའི་བར་དུ། རང་རྒྱལ་ལ་ནུས་ཁུངས་གསར་བའི་རླངས་འཁོར་ཁྲི580ཡོད་པ་དང་། དེས་ཕལ་ཆེར་གོ་ལ་ཧྲིལ་བོའི་ནུས་ཁུངས་གསར་བའི་རླངས་འཁོར་སྤྱི་འབོར་གྱི50%ཟིན་ཡོད། ཟླ1པོ་ནས་ཟླ5བར་དུ། རང་རྒྱལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་ཁྲི96.7དང་ཁྲི95ཡིན་པ་དང་། དུས་མཉམ་ལས་ལྡབ2.2འཕར་ལ། ཚོང་རར་སིམ་འཛུལ་བྱེད་ཚད8.7%ལ་སླེབས་ནས་འཕར་ཚད་ཧ་ཅང་ཆེ་བ་ཡིན།

ལོ་ངོ10ཡི་འཕེལ་རྒྱས་བརྒྱུད། རང་རྒྱལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཐོན་ལས་སྦྲེལ་ཐག་གོང་འོག་ཕན་ཚུན་ནུས་ལྡན་ངང་འབྲེལ་མཐུད་བྱུང་ཡོད་པ་དང་། གློག་རྫས་དང་གློག་འཕྲུལ། གློག་འཛིན་སོགས་ལྟེ་བའི་ལག་རྩལ་གཞི་རྩའི་སྟེང་རང་བདག་གསར་སྤེལ་མངོན་འགྱུར་བྱས་ཏེ། ཐོན་ལས་སྤྱིའི་འཕེལ་རྒྱས་ཆུ་ཚད་རྒྱལ་སྤྱིའི་མདུན་གྲལ་དུ་སླེབས་ཡོད།

ཚོད་དཔག་ལྟར་ན། རྗེས་ཕྱོགས་ཀྱི་ལོ5ནས་ལོ8བར་དུ། རང་རྒྱལ་གྱིས་ཚད་གཞི6པ་དང་དེའི་རིམ་པ་མན་གྱི་རླངས་འཁོར་བཀོལ་ཚད་རིམ་བཞིན་བརྗེ་བསྒྱུར་བྱེད་རྒྱུ་ཡིན་པ་དང་། ནུས་ཁུངས་གསར་བའི་རླངས་འཁོར་གྱི་ཚོང་རར་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་བསྐྲུན་ནས། མ་འོངས་བའི་ལོ5རིང་གློག་སྒུལ་རླངས་འཁོར་གྱི་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་ཚད་གྱི་འཕར་ཚད40%ཡན་སྲུང་འཛིན་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།