ཧུའུ་ཁྲུན་ཧྭ་ཡིས་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྗོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་བྱ་བའི་གྲོས་ཚོགས་ཉེ་སྔོན་ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། སྔར་ལས་གཅིག་བསྡུས་ཀྱི་རྒྱབ་སྐྱོར་དང་སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས། སྔར་ལས་ནུས་ཤུགས་ལྡན་པའི་བྱ་བ་བཅས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྗོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། དབུལ་ཐར་རྨང་གཞི་སྔར་ལས་སྲ་བརྟན་དང་ཕན་འབྲས་སྔར་ལས་རྒྱུན་མཐུད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་གསར་བའི་ཁྲོད་ཆད་ལུས་མི་འབྱུང་བར་ཁག་ཐེག་བྱས་ཏེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་མགྱོགས་མྱུར་སྒོས་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་གཏོང་དགོས།

ཧུའུ་ཁྲུན་ཧྭ་ཡིས་དབུལ་ཐར་མཁྲེགས་གཏོར་བྱ་བར་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་རྗེས། གཙོ་གནད་རོགས་སྐྱོར་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤྱིའི་འཕེལ་རྒྱས་ཆུ་ཚད་སྔར་བཞིན་ཅུང་དམའ་བས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པར་ད་རུང་དཀའ་ཁག་མང་པོ་འཕྲད་ཡོད། དེ་བས་ངེས་པར་དུ་དམིགས་འབེན་དང་ཁ་ཕྱོགས་གསར་བོར་གཏན་ཁེལ་བྱས་ཏེ། གྲོང་གསེབ་དར་སྤེལ་གྱིས་རྒྱབ་སྐྱོར་བྱ་བ་རིགས་སོ་སོར་གཅིག་འདོམས་བྱེད་དགོས་ལ། ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ། ཁྱབ་ཁོངས་རང་བཞིན་གྱི་འཕེལ་རྒྱས་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དེ་ལས་འགན་དང་པོར་བཞག་ནས། ནུས་ཤུགས་ཡོད་རྒུས་དབུལ་ཐར་མི་འབོར་གྱི་རྒྱུན་མཐུད་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་དང་། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་འབྱུང་པའི་ཚད་མཐའ་བརྟན་སྲུང་བྱེད་དགོས། རང་སྟེང་གི་འཕེལ་རྒྱས་ནུས་ཤུགས་ལ་ཤུགས་བསྣན་ཏེ། རོགས་སྐྱོར་ཐོན་ལས་སྟོབས་ཆེན་དུ་སྤེལ་བ་དང་། རྫོང་ཡོངས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། དར་རྒྱས་ས་ཁུལ་བར་གྱི་དཔལ་འབྱོར་འབྲེལ་བར་ཤུགས་སྣོན་དགོས། སྤྱི་ཚོགས་འཕེལ་རྒྱས་དང་དཔལ་ཡོན་ཡར་ཐོན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། སློབ་གསོ་སྨན་བཅོས་རིག་གནས་སོགས་སྤྱི་ཚོགས་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། རྫོང་ཁོངས་ཁྱད་ཆོས་དང་མཐུན་པའི་འཇོན་མི་བཀོལ་སྤྱོད་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱས་པ་བརྒྱུད། དེང་རབས་དཔལ་ཡོན་གྱི་འཚོ་བའི་བྱེད་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས། གཙོ་གནད་རོགས་སྐྱོར་རྫོང་གི་རྒྱབ་སྐྱོར་འགན་སྲུང་བྱ་བར་ཤུགས་བསྣན་ཏེ། ཀྲུང་དབྱང་སྡེ་ཁག་གིས་སྲིད་ཇུས་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། ཤར་རྒྱུད་དང་ནུབ་རྒྱུད་བར་གྱི་མཉམ་ལས་ལ་ཁ་ཕྱོགས་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། ནུབ་རྒྱུད་ཞིང་ཆེན་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་བ་དོན་གྱིས་སྤྱི་ཁྱབ་འགན་འཁྲི་འཁུར་དགོས་པ་དང་། གཙོ་གནད་རོགས་སྐྱོར་རྫོང་གིས་རང་འགུལ་གྱིས་ཧུར་བརྩོན་བྱས་ཏེ་མཉམ་ཤུགས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།

ཀུའེ་ཀྲོའུ་རུ་ཡོད་པའི་སྐབས་སུ་ཧུའུ་ཁྲུན་ཧྭ་རྒྱལ་ཁབ་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་ཁྲོད་ཀྱི་པི་ཅེ་གྲོང་ཁྱེར་ནཱ་ཡུང་རྫོང་དང་ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་ཧྲུའེ་གྲོང་ཁུལ་བཅས་ཀྱི་ཡུལ་དངོས་སུ་རྟོག་ཞིབ་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།