རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་འགོག་སྨན་མི་ཐེངས་དུང་ཕྱུར10ལ་བརྒྱབ་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས19ཉིན་བར་དུ། རྒྱལ་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་འགོག་སྨན་མི་ཐེངས་དུང་ཕྱུར10ལ་བརྒྱབ་ཟིན། རྒྱལ་ནང་གི་གཞི་ཁྱོན་ཆེས་ཆེ་བའི་འགོག་སྨན་བརྒྱབ་པ་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་འགོག་སྨན་ལ་བདེ་འཇགས་རང་བཞིན་ཆེན་པོ་ལྡན་ལ། སྤྱིར་བཏང་གི་འགྱུར་འབྱུང་དང་རྒྱུན་ལྡན་མ་ཡིན་པའི་འགྱུར་འབྱུང་གི་འབྱུང་ཚད2019ལོའི་རང་རྒྱལ་གྱི་རྒྱུན་གཏན་འགོག་སྨན་རིགས་སྣ་ཚོགས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་རེད། ཚོད་དཔག་ལྟར་ན་ད་ལོའི་ལོ་མཇུག་སྔོན་དུ། མ་མཐའ་ཡང་དམིགས་འབེན་མི་ཚོགས་ཀྱི70%ཡན་ལ་འགོག་སྨན་རྒྱག་རྒྱུ་རེད།

2020ལོའི་ཟླ12པའི་ཚེས15ཉིན། རང་རྒྱལ་གྱིས་གཙོ་གནད་མི་ཚོགས་ལ་འགོག་སྨན་རྒྱག་པའི་བྱ་བ་དངོས་སུ་མགོ་བརྩམས་པ་རེད། ད་ལོའི་ཟླ3པའི་ཟླ་མཇུག་ནས་མགོ་བརྩམས་ཏེ། རྒྱལ་ཁབ་ཀྱིས་མགྱོགས་མྱུར་ངང་རྒྱལ་དམངས་ཡོངས་ལ་རིན་མེད་ཀྱིས་འགོག་སྨན་བརྒྱབ་པ་རེད། གཙོ་གནད་ལས་རིགས་དང་གཙོ་གནད་ལས་ཁུངས། གཙོ་གནད་ས་ཁུལ་བཅས་ལ་གཞིགས་ཏེ་རིམ་བཞིན་འགོག་སྨན་རྒྱག་པའི་མི་ཚོགས་རྒྱ་བསྐྱེད་པ་དང་། གནས་སྐབས་འགོག་སྨན་རྒྱག་ས་དང་འཁོར་རྒྱུག་འགོག་སྨན་རྒྱག་ས། གཙོ་གནད་ས་ཚིགས་ལ་སྒོ་ཁར་འགོག་སྨན་རྒྱག་པ་བཅས་ཀྱི་ལས་དོན་མཉམ་དུ་སྤེལ་བ་རེད། མིག་སྔར། རང་རྒྱལ་གྱི་པྲོག་གསར་གློ་ཚད་འགོག་སྨན་རྒྱག་ཡུལ་ནི་ལོ18ཡན་གྱི་མི་ཚོགས་ཡིན་ལ། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་རུ་ལོ་ལོན་མང་པོ་ཞིག་གིས་ཀྱང་འགོག་སྨན་བརྒྱབ་པ་དང་། ཆེས་ཆེ་བའི་ལོ་ཚོད་ནི་ལོ100ལས་བརྒལ་ཡོད།

ཟླ3པའི་ཚེས24ཉིན། རང་རྒྱལ་གྱིས་པྲོག་གསར་འགོག་སྨན་རྒྱག་པའི་ཉིན་རེའི་ཡར་ཞུ་ལམ་ལུགས་བཙུགས། འགོག་སྨན་མི་ཐེངས་དུང་ཕྱུར1ནས་དུང་ཕྱུར2བར་ལ་ཉིན25འགོར་བ་དང་། དུང་ཕྱུར2ནས་དུང་ཕྱུར3བར་ཉིན16ལས་འགོར་མེད། ཟླ5བའི་ཚུན་ནས་བཟུང་། པྲོག་གསར་འགོག་སྨན་རྒྱག་ཚད་ཇེ་མགྱོགས་སུ་སོང་ཞིང་། འགོག་སྨན་མི་ཐེངས་དུང་ཕྱུར9ནས་དུང་ཕྱུར10བར་ཉིན5ཙམ་ལས་མ་འགོར་བས། ཉིན་རེར་འགོག་སྨན་རྒྱག་ཚད་མི་ཐེངས་ཁྲི2000ལས་བརྒལ་བ་རེད།

མིག་སྔར། རང་རྒྱལ་ལ་པྲོག་གསར་གློ་ཚད་འགོག་སྨན་གྱི་ནད་ཐོག་ཉམས་མྱོང་དུས་རིམ24ཡོད་པ་དང་། འགོག་སྨན4ལ་རྒྱལ་ནང་དུ་ཆ་རྐྱེན་ཟུར་སྣོན་འོག་ཚོང་རར་བཀྲམས་པ་དང་། འགོག་སྨན3ལ་རྒྱལ་ནང་དུ་འཕྲལ་བསྟུན་བེད་སྤྱོད་ཆོག་མཆན་ཐོབ་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།