ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཉིན་མོའི”སྣེ་ལེན་ཚོགས་འདུའི་སྟེང་བརྙན་ལམ་བརྒྱུད་དེ་ཤིས་ཚིག་འཕུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས15ཉིན།   “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཉིན་མོའི”སྣེ་ལེན་ཚོགས་འདུ་པེ་ཅིང་དུ་བསྡུས། རྒྱལ་དོན་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་བརྙན་ལམ་གྱི་རྣམ་པ་བརྒྱུད་དེ་ཚོགས་འདུའི་སྟེང་ཤིས་ཚིག་འཕུལ།

ཝང་དབྱི་ཡིས་བཤད་རྒྱུར། ལོ20སྔོན་ལ་ཀྲུང་གོ་དང་ཧ་སག་སི་ཐན། ཁེར་གྷི་སི་ཐན། ཨུ་རུ་སུ། ཐ་ཇི་ཁུ་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་རྒྱལ་ཁབ་དྲུག་གི་མགོ་ཁྲིད་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པའི་ཁྱབ་བསྒྲགས་གནང་བ་རེད། གཏན་འབེབས་དེས་ཞི་བདེ་དང་འཕེལ་རྒྱས། མཉམ་ལས་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་བདེ་འཇགས་མཉམ་སྐྲུན། འཕེལ་རྒྱས་མཉམ་སྐུལ། དར་རྒྱས་མཉམ་སྤྱོད་བཅས་བྱེད་པའི་དུས་རབས་གསར་པ་ཞིག་བཏོད་ཡོད། “ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་ཁྲིད་སྟོན་འོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་དོན་དངོས་དང་མཐུན་པ་དང་།  ཕྱོགས་སོ་སོའི་དགོས་མཁོ་དང་འཚམ་པའི་མཉམ་ལས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ།  རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་འཚོལ་ཞིབ་གལ་ཆེན་བྱས་ཡོད་ཅེས་བཤད།

ཝང་དབྱི་ཡིས་བསྟན་དོན། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་མདུན་དུ་དཔའ་ངར་ཆེན་པོས་ལངས་ཏེ། དུས་རབས་ཀྱི་འགན་འཁྲི་ཐུན་མོང་གིས་འཁུར་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་ཆེན་པོ་འཇོག་དགོས། དེར་བརྟེན་ཁོང་གིས“ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་མིག་དཔེ་གསར་པ་འཛུགས་པ་དང་། མཉམ་ལས་གཉིས་ཕན་གྱི་སྒུལ་ནུས་གསར་པ་འདོན་པ། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་ལེའུ་གསར་པ་རྩོམ་པ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་གི་འགན་འཁྲི་གསར་པ་འཁུར་བ་བཅས་ཀྱི་གྲོས་མགོ་ཁག་བཞི་བཏོན་པ་རེད།

ད་ལོའི་ཟླ6པའི་ཚེས15ཉིན་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ20འཁོར་བའི་དྲན་གསོའི་ཉིན་རེད། སྣེ་ལེན་ཚོགས་འདུ་དེ་ཀྲུང་གོ་མི་དམངས་ཕྱི་རྒྱལ་མཛའ་གྲོགས་མཐུན་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དྲུང་ཡིག་ཁྲུའུ་གཉིས་ཀྱིས་ཐུན་མོང་གིས་གཙོ་སྒྲུབ་བྱས་པ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ནུའོ་ལུའོ་ཧྥུ་དང་དེ་བཞིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་། ལྟ་ཞིབ་པའི་རྒྱལ་ཁབ། ཀྲུང་གོར་བཅའ་སྡོད་བྱེད་པའི་གླེང་མོལ་རོགས་ཟླའི་གཞུང་ཚབ་སོགས་ཞུགས་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།