《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས21པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྟེ《ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་ཀྱིས་ཕུགས་འདུན་གསལ་བོ་བྱེད་པ། ལོ་རྒྱུས་ལ་ཤེས་རྟོགས་ཀྱིས་ཏང་ལ་དགའ་བ། ལོ་རྒྱུས་ལ་ཤེས་རྟོགས་ཀྱིས་མེས་རྒྱལ་ལ་དགའ་བ》ཞེས་པ་སྤེལ་ཡོད།

རྩོམ་ཡིག་ནང་། ལོ་རྒྱུས་ནི་བསླབ་དེབ་ཆེས་ལེགས་ཤོས་དེ་ཡིན། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་མགོ་མཇུག་བར་གསུམ་ལ་རྒྱུས་ལོན་བྱེད་པ་དང་། ང་ཚོའི་ཏང་དང་རྒྱལ་ཁབ་གྱི་ལོ་རྒྱུས་ཉམས་མྱོང་བསྡུ་ལེན་བྱེད་པ། ཡང་དག་པའི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གི་དོན་རྐྱེན་གལ་ཆེན་དང་མི་སྣ་གཙོ་བོ་ལ་རྒྱུས་ལོན་བྱེད་ཐུབ། འདིས་ཡང་དག་པའི་སྒོ་ནས་ཏང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱེེད་པར་ངེས་པར་དུ་མཁོ་བ་དང་། མ་འོངས་བ་གསར་སྐྲུན་བྱེད་པར་ཡང་ངེས་པར་དུ་མཁོ་བ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་མར་ཁེ་སི་རིང་ལུགས་ཅིའི་ཕྱིར་ཆོག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་གཞིགས་ཏེ། དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་བ་དང་བསམ་བློ་གླེང་ཕྱོགས་མཛུབ་ཁྲིད་ལ་ཤུགས་སྣོན་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་བརྟན་པོར་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་དམངས་ཡོངས་ཀྱི་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བའི་བརྩེ་སེམས་ཆེན་པོ་སྐུལ་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་ཡིག་ལས། ཀྲུང་གོར་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་ཡོད་པས། ཀྲུང་གོ་དང་ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ལ་མཚོན་ན་དགའ་འོས་པའི་དོན་བཟང་ཞིག་ཡིན། ང་ཚོས་ཀྲུང་གོའི་ཉེ་རབས་ལོ་རྒྱུས་དང་ཀྲུང་གོའི་དེང་རབས་ལོ་རྒྱུས། ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ལ་གཏིང་ཟབ་ངང་རྒྱུས་ལོན་བྱས་ཚེ། གལ་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་མེད་ཚེ། ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་ཀྱིས་རླབས་ཆེ་བའི་དེ་རིང་གི་གྲུབ་འབྲས་འདི་ལེན་མི་ཐུབ་ལ། དེ་རིང་གི་རྒྱལ་སྤྱིའི་གོ་གནས་འདི་ལྟ་བུའང་ཡོད་མི་སྲིད། འབད་པ་ཆེན་པོས་ཏང་བསྐྱོད་མྱོང་བའི་རྔམ་བརྗིད་ཀྱི་ལོ་རྒྱུས་ཁྲོད་དང་། ཏང་གིས་གསར་སྐྲུན་དང་མུ་མཐུད་དུ་སྐུལ་སྤེལ་བྱས་པའི་རླབས་ཆེའི་ལས་དོན་ཁྲོད། ཏང་གིས་བློ་སེམས་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དགོངས་དོན་དང་དུས་ཡུན་རིང་བའི་ལག་ལེན་ཁྲོད། ཏང་ལ་ཡིད་ཆེས་བྱེད་པ་གཏིང་ཟབ་དུ་གཏོང་བ་དང་ཏང་གི་མགོ་ཁྲིད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་དགོས། ཏང་གི་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པའི་གལ་ཆེའི་རྩ་དོན་འདིའི་གནད་དོན་སྟེང་། ང་ཚོས་ངེས་པར་དུ་ཀླད་པ་གསལ་བོར་བྱེད་པ་དང་། མིག་དབང་གསལ་བོར་བྱེད་པ། ལངས་ཕྱོགས་དམིགས་བསལ་གྱིས་བརྟན་པོར་བཏང་ནས་ནམ་ཡིན་ཡང་རབ་རིབ་དང་གཡོ་འགུལ་གཏན་ནས་བྱུང་མི་རུང་ཞེས་བསྟན་ཡོད།

རྩོམ་ཡིག་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱ་ཆེར་ངང་སྤེལ་ཏེ་མི་རྣམས་ལ་ལོ་རྒྱུས་དང་མི་དམངས་ཀྱིས་ཅིའི་ཕྱིར་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་། ཅིའི་ཕྱིར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པར་ངོས་ཟིན་ཟབ་མོ་ལེན་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད། མི་དམངས་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ལ་སློབ་སྦྱོང་དང་རྒྱུས་ལོན་ལེགས་པོ་བྱས་ཏེ། ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་གསར་འཛུགས་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་ལས་དོན་བརྟན་སྲུང་བྱེད་པ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།