ཞི་ཅིན་ཕིང་གིས་ཧུའུ་པེ་ཧྲི་ཡན་གྲོང་ཁྱེར་ཀྲང་ཝན་ཆུས་ཡན་ཧུའུ་སྡེ་ཁུལ་གྱི་སྣ་འཛོམས་ཉོ་ཚོང་ཚོང་རའི་ནང་སོལ་རླངས་འགས་གཏོར་དོན་རྐྱེན་བྱུང་བར་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་དྲུག་དང་སྐར་མ་བཞི་བཅུའི་སྟེང་། ཧུའུ་པེ་ཧྲི་ཡན་གྲོང་ཁྱེར་ཀྲང་ཝན་ཆུས་ཡན་ཧུའུ་སྡེ་ཁུལ་གྱི་སྣ་འཛོམས་ཉོ་ཚོང་ཚོང་རའི་ནང་སོལ་རླངས་འགས་གཏོར་དོན་རྐྱེན་བྱུང་། མིག་སྔའི་བར་དུ་ཐེངས་འདིའི་དོན་རྐྱེན་ཁྲོད་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་སོ་བདུན་རྨས་པ་ལྗིད་ཅིང་མང་ཚོགས་སྐོར་ཞིག་ལ་ཚད་མི་འདྲ་བར་རྨས་སྐྱོན་བྱུང་།

དོན་རྐྱེན་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་དོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་སྟེ། ཧུའུ་པེ་ཧྲི་ཡན་གྲོང་ཁྱེར་དུ་སོལ་རླངས་འགས་གཏོར་བྱུང་བའི་དོན་རྐྱེན་ཁྲོད་དུ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པས། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་རྨས་མ་མྱུར་སྐྱོབ་བྱེད་དགོས་པ་དང་། ཤི་རྨས་བྱུང་བའི་མི་སྣའི་ཁྱིམ་མི་ལ་སེམས་གསོ་གཏོང་བ་སོགས་ཀྱི་རྗེས་འཇུག་བྱ་བ་བཟང་བོར་བསྒྲུབ་དགོས་ལ། མགྱོགས་མྱུར་སྒོས་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་བཤེར་བྱས་ནས་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་ཞེས་བསྟན། ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་དུས་སྐབས་ཤིག་ལ་རྒྱལ་ཡོངས་ཀྱི་ས་གནས་མང་ཤོས་སུ་ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་སློབ་རའི་བདེ་འཇགས་དོན་རྐྱེན་བྱུང་བས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་དཔེ་གཅིག་གིས་དོན་བརྒྱ་མཚོན་པར་བྱེད་པ་དང་འགན་འཁྲི་དང་ལེན་ནན་མོ་བྱེད་དགོས་ལ། ཆབ་སྲིད་ཀྱི་ཤེས་ཚོར་རང་བཞིན་ཇེ་དྲག་གཏོང་བ་དང་། རིགས་སོ་སོའི་བདེ་འཇགས་ཉེན་ཁར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་དགོས་ལ། གློ་བུར་དུ་དོན་རྐྱེན་ཚབས་ཆེན་བྱུང་བར་དོགས་ཟོན་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་པར་མ་ཟད་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་སྲུང་སྐྱོབ་བྱས་ནས། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་སྣང་ཚུལ་བཟང་བོ་ཞིག་བསྐྲུན་དགོས་ཞེས་གསུང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། སྟོབས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་དང་རྨས་མ་མྱུར་སྐྱོབ་བྱ་བ་ལེགས་སྒྲུབ་བྱེད་པ་དང་། འབད་བརྩོན་ལྡན་འགྱུར་བྱས་ཏེ་ཤི་རྨས་མི་གྲངས་ཇེ་ཉུང་དུ་གཏོང་དགོས་ལ། དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་ལ་ཞིབ་བཤེར་ནན་མོ་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འདྲི་ནན་མོ་བྱེད་དགོས། ཉེ་བའི་དུས་སྐབས་ཤིག་ལ་བདེ་འཇགས་དོན་རྐྱེན་བྱུང་བ་ཇེ་མང་ཡིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ས་གནས་སོ་སོས་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་ལྟ་རྟོག་དོ་དམ་དང་ཉེན་ཁར་ཞིབ་བཤེར་བྱེད་པར་ལྟ་རྟོག་བྱས་ནས། བློ་ཐག་རྦད་ཆོད་སྒོས་དོན་རྐྱེན་ཚབས་ཆེན་འབྱུང་བ་གཏན་འགོག་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བ་དང་ལིས་ཁི་ཆང་གིས་བླང་བྱ་བཏོན་པ་ལྟར། འཕྲལ་བསྟུན་དོ་དམ་པུའུ་དང་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་ཡུལ་དངོས་ལ་བྱ་བའི་ཚན་ཁག་མངགས་ཏེ་དོན་རྐྱེན་ཐག་གཅོད་བྱ་བར་མཛུབ་སྟོན་བྱས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་རིམ་པའི་སྨན་བཅོས་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་ཡུལ་དངོས་ལ་སོང་ནས་ས་གནས་ཀྱིས་དོན་རྐྱེན་བྲེལ་མྱུར་གསོ་རིག་རོགས་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱས། ཧུའུ་པེ་ཞིང་ཆེན་དང་ཧྲི་ཡན་གྲོང་ཁྱེར་ཏང་སྲིད་འགན་འཁུར་བས་ཡུལ་དངོས་སུ་བཀོད་འདོམས་དང་དོན་རྐྱེན་ཐག་གཅོད་བྱེད་ཀྱིན་ཡོད། མིག་སྔར། ཡུལ་དངོས་ཀྱི་རྒུད་སྐྱོབ་དང་རྨས་མ་མྱུར་སྐྱོབ་སོགས་ཀྱི་བྱ་བ་གོ་རིམ་ལྡན་པར་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།