ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བརྗོད་དོན་གླེང་སྟེགས་ཞང་ཀང་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བརྗོད་དོན་གླེང་སྟེགས་ཚེས་བཅུ་གཉིས་ཉིན་ཞང་ཀང་གྲོས་ཚོགས་འགྲེམ་སྟོན་ལྟེ་གནས་ནས་སྤེལ་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས། 

བརྗོད་དོན་གླེང་སྟེགས་དེ་ནི་ཞང་ཀང་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་དང་། ཞང་ཀང་དུ་སྡོད་པའི་རྒྱལ་ཁབ་བདེ་སྲུང་གཞུང་ཞབས་ཁང་། ཞང་ཀང་དུ་སྡོད་པའི་ཕྱི་འབྲེལ་པུའུ་ཡི་གཞུང་ཞབས་ཁང་། ཞང་ཀང་དུ་སྡོད་པའི་དམག་དཔུང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་ཆེད་ཞུས་གཙོ་སྒྲུབ་བྱས། ཞང་ཀང་ཀྲུང་དབྱང་འབྲེལ་གཏུག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིང་གླེང་སྟེགས་ལ་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་དང་། ལིང་ཀྲིན་དབྱིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨིག ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་ཁུར་བ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དང་། ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱི་འཐུས་མི། ཞང་ཀང་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་སོགས་བསྡོམས་པས་མི་དྲུག་བརྒྱ་དང་ལྔ་བཅུ་ལྷག་བྱ་འགུལ་དེར་ཞུགས། 

ལོ་ཧོས་ཉིང་གིས་གཏམ་བཤད་གལ་ཆེན་སྤེལ་སྐབས་བསྟན་དོན། ལོ་ངོ་བརྒྱའི་རིང་ལ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཡར་ལངས་པ་ནས་འབྱོར་ཕྱུག་ཅན་དུ་གྱུར་བ་དང་། དེ་ནས་སྟོབས་ལྡན་དུ་གྱུར་བའི་རླབས་ཆེན་འཕུར་སྐྱོད་ལ་བརྟེན་ནས་གནམ་ས་བླ་འོག་བརྗེ་པ་ལྟ་བུའི་ལོ་རྒྱུས་འགྱུར་ལྡོག་མངོན་འགྱུར་བྱས། ཞང་ཀང་གིས་རང་ཉིད་ཀྱི་དམིགས་བསལ་བརྒྱུད་རིམ་དེ་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་གཟི་བརྗིད་ལོ་རྒྱུས་དང་བརྒྱུས་ཏེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་དེ་ངོ་མཚར་བའི་ལེའུ་གསར་ཞིག་ཏུ་གྲུབ་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་གསར་གཏོད་བྱས་ནས། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ལོ་རྒྱུས་སྟེང་གཟི་འོད་འབར་བའི་ཀྲུང་གོའི་ཇུས་གཞི་བྲིས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་འཕེལ་རྒྱས་སུ་བཏང་བ་དང་། ཞང་ཀང་གི་མགོ་ཁྲིད་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་དེ་འཚོལ་ཞིབ་ཁྲོད་འཕེལ་རྒྱས་སུ་བཏང་སྟེ་རྒྱལ་སྤྱིའི་ཤུགས་རྐྱེན་ཉིན་རེ་བཞིན་ཇེ་ཆེར་བཏང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་ལ་སྲུང་སྐྱོབ་བྱས་པ་དང་། ཁྲིམས་ལྟར་ཞང་ཀང་བཅོས་སྐྱོང་བྱས་ནས། རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་འགོག་ཐིག་སྲ་བརྟན་དུ་བཏང་། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བའི་གཞི་རྩའི་རྩ་དོན་ལ་སྲུང་སྐྱོབ་བྱས་ཏེ་ཟིང་འཁྲུག་ཁྲོད་ནས་ཞང་ཀང་ཟང་ཟིང་དུ་གཏོང་བའི་སྟོབས་ཤུགས་ཀྱི་མདོག་ལྡན་གསར་བརྗེའི་གཡོ་ཇུས་རྡུལ་དུ་བརླག་ཡོད་ཟེར། 

ལོ་ཧོས་ཉིང་གིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་གི་གསར་གཏོད་མཁན་དང་མགོ་ཁྲིད་མཁན། ལག་ལེན་མཁན། སྲུང་སྐྱོབ་མཁན་བཅས་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་བྱུང་ཡོད། ལོ་རྒྱུས་ཀྱིས་འདས་སོང་ཟིན་ཐོར་བཀོད་ཡོད་ལ། མ་འོངས་པར་ཡང་དཔེ་སྟོན་བྱས་ཡོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་སྲུང་སྐྱོབ་བྱེད་དགོས་པ་དང་། ངེས་པར་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་ལག་བསྟར་དང་འབྲེལ་བའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། ངེས་པར་དུ་ཞང་ཀང་སྔར་ལས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཆེན་མོར་ཞུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཆེན་མོའི་ཁྲོད་གཏན་གནས་འཚོལ་ཞིབ་ཡང་དག་བྱས་ནས་རང་གི་ལས་འགན་ཁུར་དུ་བླངས་ན། ཞང་ཀང་གིས་ཁྱད་སྟོབས་གསར་བ་གསོ་སྤེལ་དང་ནུས་པ་གསར་བ་འདོན་སྤེལ། འཕེལ་རྒྱས་གསར་བ་མངོན་འགྱུར་བྱས་ནས། དུས་རབས་གསར་བའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བྱེད་པའི་ལེའུ་གསར་བ་འབྲི་ཐུབ་པ་ཁོ་ཐག་ཡིན་ཟེར། 

ལིང་ཀྲིན་དབྱིན་གྱིས་ཞུ་ཚིག་འབུལ་སྐབས་ཞང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་རྩོམ་འབྲིའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས། ཁོས་བཤད་རྒྱུར། དུས་ཡུན་ལོ་བཞི་ལྷག་གི་གཞི་རྩའི་བཅའ་ཁྲིམས་ཀྱི་བློ་འདྲི་ནི་ད་ལྟའི་བར་དུས་ཚོད་ཆེས་རིང་བ་དང་གཞི་རྒྱ་ཆེས་ཆེ་བ། འཐུས་ཚབ་རང་བཞིན་ཆེས་ཆེར་ལྡན་པའི་བློ་འདྲིསི་བྱ་བ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱིས་ཞི་བའི་སྒོ་ནས་ལོ་རྒྱུས་ལས་བསྐྱུར་བའི་མངའ་ཁོངས་དང་བདག་དབང་གནད་དོན་ཐག་གཅོད་བྱེད་པའི་ཐོག་མའི་དཔེ་སྲོལ་གསར་གཏོད་བྱས་པར་མ་ཟད། ཁྲིམས་སྐྱོང་དང་དམངས་གཙོའི་དཔེ་སྟོན་ནུས་པ་ཐོན་པར་བྱས་ཡོད། 

ལིན་ཀྲིན་ཡའོ་ཨིག་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འདས་པའི་ལོ་གཉིས་རིང་། ཞང་ཀང་གི་སྔ་ན་མེད་པའི་ཆབ་སྲིད་ཀྱི་འགལ་བའི་མདུན་ནས། ཀྲུང་དབྱང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་བྱ་བ་སྤེལ་བ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་ལྟར་ཞང་ཀང་གི་གནད་དོན་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱས་པར་མ་ཟད། ཞང་ཀང་གི་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱས་པ་དང་ཞང་ཀང་གི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དུས་ཐོག་ཏུ་ཞང་ཀང་གི་ཟང་ཟིང་རྣམ་པ་བཅོས་སྐྱོང་བྱས། ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཐོག་མའི་སེམས་འདུན་གཏན་སྲུང་བྱས་པ་ལས་ཀྲུང་གོ་གུང་ཁྲན་ཏང་གིས་ཕུགས་འདུན་རྒྱུན་འཁྱོངས་དང་འདུ་ཤེས་བརྟན་པོ་ཡིན་པ། ལམ་ལུགས་ལ་ཡིད་ཆེས་ཡོད་པ་བཅས་མངོན་པར་མཚོན་ཡོད། ཞང་ཀང་བས་བླ་མེད་ཀྱི་མི་རིགས་ལ་རྒྱ་དང་ཕུགས་འདུན་བརྟན་པོ། མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་བཅས་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞང་ཀང་གི་དུས་ཡུན་རིང་བོའི་དར་རྒྱས་གཏན་འཇགས་ལ་འགན་སྲུང་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་དགོས་ཟེར། 

བརྗོད་དོན་གླེང་སྟེགས་སྟེང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞང་ཀང་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན་གཞོན་པ་ལིང་ཨེ་ཧྲི་དང་། རྒྱལ་ཡོངས་ཞང་ཀང་ཨོ་མིན་ཞིབ་འཇུག་ཁང་གི་ཚོགས་གཙོ་གཞོན་པ་ལིའུ་ཀྲའོ་ཅཱ། ཞང་ཀང་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཁྲིན་ཡུང་བཅས་ཀྱིས་ཡུལ་དངོས་ནས་གླེང་མོལ་བྱེད་པའི་ཐབས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་དང་ཞང་ཀང་གི་ཤ་ཁྲག་ལྟ་བུའི་འབྲེལ་བ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོད་སྟོང་འབར་བའི་མདུན་ལྗོངས་སྒྲོག་འགྲེལ་བྱས། 

རའོ་ཀི་ཕིང་དང་ཧན་ཏཱ་ཡོན། ཝང་ཀྲིན་མེན། ལིས་ཧའོ་རན་སོགས་མཁས་པས་ཀྱང་གླེང་སྟེགས་ཀྱི་བརྗོད་སྙིང་ལ་དམིགས་ནས་ཡིག་ཐོག་ནས་བརྗེ་རེས་བྱས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།