ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པ་པེ་ཅིང་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས10ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་གཞི་གྲངས་བདེ་འཇགས་བཅའ་ཁྲིམས་དང་ཧེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས། དམག་མིའི་གོ་གནས་དང་ཁེ་དབང་འགན་སྲུང་བཅའ་ཁྲིམས། གསར་དུ་བཟོ་བཅོས་བྱས་པའི་དམག་དོན་སྒྲིག་ཆས་སྲུང་སྐྱོབ་བཅའ་ཁྲིམས། བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན། ཁྲལ་དོད་དཔེ་རིས་བཅའ་ཁྲིམས། ཕྱི་རྒྱལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཧྲང་ཧེ་གྲོང་ཁྱེར་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕུའུ་ཏུང་ཁུལ་གསར་ཁྲིམས་སྲོལ་གཏན་འཁེལ་བྱེད་པར་དབང་ཆ་གནང་བའི་སྐོར་གྱི་ཆོད་དོན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་ངེས་རྩིས་ལ་ཆོག་མཆན་འགོད་པའི་སྐོར་གྱི་གྲོས་ཆོད་དང་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་ངེས་རྩིས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་ཐེངས་བརྒྱད་པ་སྤེལ་བའི་སྐོར་གྱི་གྲོས་ཆོད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་ཝང་གོ་ཧྲིན་རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པར་བདམས།

ཚོགས་ཐོག་ནས་ད་དུང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་བསྐོ་འཐེན་གྲོས་གཞི་གཞན་དག་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་འབྲེལ་ཡོད་བརྡས་གཅོད་དོན་དག་ཡོངས་འགྲུབ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ནས་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི་བཅའ་ཁྲིམས་དང་ཆོད་དོན་ཐད་ནས་འབྲེལ་ཡོད་ཕྱོགས་ཀྱིས་དྲིལ་སྒྲོག་དང་འགྲེལ་ཀློག་སོགས་ཀྱི་བྱ་བ་ནན་ཏན་སྒོས་ལེགས་བསྒྲུབ་བྱེད་དགོས་པ་དང་། ཆ་ཚང་ཆོད་དོན་མྱུར་དུ་གཏན་འཁེལ་བྱས་ནས་ནུས་ལྡན་སྒོས་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་ཟེར།

གྲོས་ཚོགས་གྲོལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་ཉེར་བཞི་བ་བསྡུས་པ་དང་། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཞིན་ཁྲུན་དབྱིན་གྱིས་ཁ་ཡིག་ལ་ཀྲུང་གོ་གུང་ཁྲན་ཏང་དང་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཅེས་པའི་འཆད་ཁྲིད་གནང་།

ཆེད་དོན་འཆད་ཁྲིད་རྗེས་སུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།