ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་ལས་གཏན་འཁེལ་བྱས་པའི་བཟོ་སྐྲུན་ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས་པ་དང་། གཞུང་བཙུགས་སྨན་ཁང་གི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གཏན་ལ་ཕབ་སྟེ་སྨན་བཅོས་མི་སྣའི་བརྩོན་སེམས་བསྐྱེད་པ་དང་སྔར་ལས་བཟང་བའི་སྒོ་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་ལས་འཐབ་ཇུས་རང་བཞིན་དང་རྨང་གཞི་རང་བཞིན། སྣེ་ཁྲིད་རང་བཞིན་གྱི་བཟོ་སྐྲུན་ལས་གཞི་གལ་ཆེན་སྐོར་ཞིག་གཏན་འཁེལ་བྱས་པ་དང་། དེ་ཚན་རྩལ་འགག་སྒྲོལ་དང་རྨང་གཞིའི་སྒྲིག་ཆས། སྐྱེ་ཁམས་འཛུགས་སྐྲུན། དམངས་ཚིས་ཞན་ཆ་ཁ་གསབ་དང་རིག་གནས་རྒྱུན་འཛིན་འཕེལ་རྒྱས་སོགས་ཁྱབ་ཁོངས་གཙོ་བོ་དང་འབྲེལ་ཡོད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ལས་གཞི་ལག་བསྟར་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་པ་དང་། རྒྱབ་སྐྱོར་སྲིད་ཇུས་ཞིབ་ཏུ་གཏན་འཁེལ་བྱེད་དགོས་ལ། ལས་གཞི་མང་ཤོས་འཕྲོ་རིམ་འཕྲོར་ལག་བསྟར་བྱེད་མགོ་རྩོམ་དགོས་ཟེར། ཚོགས་ཐོག་ནས་དཔལ་འབྱོར་ཆོས་ཉིད་དང་ཚོང་ར་ཅན་གྱི་རྩ་དོན་བརྩི་འཇོག་བྱས་ཏེ། རྨང་གཞི་བརྟན་ཞིང་ནུས་པ་ཆེ་བ་དང་། ཡུན་རིང་ལ་ཕན་འབྲས་ལྡན་པ། དམངས་ཚིས་ལ་ཕན་པ། ཉེན་ཁ་འགོག་སྲུང་བཅས་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ་དང་། བཟོ་སྐྲུན་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། འཛད་སྤྱོད་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མཉམ་དུ་ནུས་ལྡན་དངུལ་གཏོང་གི་གནད་འགག་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། གཅིག དུས་སྐབས་སྔོན་གྱི་བྱ་བར་ཤུགས་སྣོན་དགོས། གཉིས། དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་དང་ལོ་ཧྲིལ་བོའི་དཔལ་འབྱོར་འཁོར་སྐྱོད་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། སྲིད་ཇུས་འདེགས་ཤུགས་དང་རྒྱུ་རྐྱེན་འགན་སྲུང་ལ་ཤུགས་སྣོན་ཞིང་ད་ལོ་དང་སང་ལོའི་དངུལ་གཏོང་ཤུགས་ཚད་ལུགས་མཐུན་སྒོས་ཁོང་དུ་ཆུད་པར་བྱེད་པ་དང་། གནས་བབ་ཀྱི་འགྱུར་ལྡོག་ལྟར་ལུགས་མཐུན་སྒོས་སྙོམས་སྒྲིག་བྱེད་དགོས། གསུམ། སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས། བཞི། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་སོགས་སྲིད་གཞུང་གི་དངུལ་གཏོང་སྣེ་ཁྲིད་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། ཚོང་རའི་གཙོ་གཞི་དང་སྤྱི་ཚོགས་སྟོབས་ཤུགས་ལ་སྐུལ་སློང་བྱས་ནས་བཟོ་སྐྲུན་གལ་ཆེན་ཁྲོད་དུ་ཞུགས་དགོས། ལྔ། དངོས་སྒྲུབ་དམ་འཛིན་དང་ཕན་འབྲས་མངོན་གསལ་ཡིན་པའི་ས་གནས་ཀྱི་སྐུལ་ལྕག་རྒྱབ་སྐྱོར་ལ་ཤུགས་བསྣན་ནས། ལས་གཞི་ལག་བསྟར་བྱས་པ་མི་འདང་བར་ལྟ་སྐུལ་ལེགས་པོ་བྱེད་དགོས། ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་བཟོ་སྐྲུན་འཛུགས་སྐྲུན་གྱི་སྤུས་ཚད་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། རྒྱ་ཆེའི་སྨན་བཅོས་མི་སྣས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱས་ཤིང་། རིམས་ནད་འགོག་རྒོལ་ཁྲོད་དུ་བྱས་རྗེས་འབུར་ཐོན་བཞག གཞུང་བཙུགས་སྨན་ཁང་གི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།  སྨན་བཅོས་མི་སྣའི་ལུགས་མཐུན་ཟླ་ཕོགས་ཐོབ་ཐང་ལ་འགན་སྲུང་བྱས་ཏེ། ཁོ་ཚོས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བརྩོན་སེམས་ཆེ་རུ་བསྐྱེད་དགོས། གཅིག  འབྲེལ་ཡོད་ལས་ཁུངས་ཀྱིས་མང་ཚོགས་ཀྱིས་ནད་སྟོན་པའི་སྤྱིའི་ཁུར་བོ་ཇེ་ལྗིད་དུ་མི་འགྲོ་བར་འགན་སྲུང་བྱེད་པ་སོགས་ཀྱི་རྨང་གཞིའི་སྟེང་།  གཞུང་བཙུགས་སྨན་ཁང་གི་ཟླ་ཕོགས་ཆུ་ཚད་ལེགས་སྒྲིག་བྱེད་དགོས། ས་གནས་སོ་སོས་སྨན་ཁང་མི་འདྲ་བའི་བྱ་བའི་ལྗིད་ཚད་དང་ཞབས་ཞུའི་སྤུས་ཚད་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བཏང་ནས་ལུགས་མཐུན་སྒོས་ཟླ་ཕོགས་སྤྱི་གྲངས་ཁ་སྣོན་བྱེད་དགོས། གཉིས། སྨན་བཅོས་ནང་ཁུལ་གྱི་བགོ་བཤའི་རང་བདག་དབང་ཆ་དངོས་འབེབས་བཟང་བོ་བྱེད་དགོས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།