ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པས་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པས་ཚེས་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་མཉམ་འབྲེལ་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དང་འབྲེལ་བའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད་དེ་འབྲེལ་གྱི་ཆེད་དོན་འདྲི་ཞིབ་ལས་སྒོ་སྤེལ།  ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་ནས་གཏམ་བཤད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་དང་ཟུར་ཞུགས་བློ་མཐུན་དྲུག་གིས་ཚོགས་ཐོག་ནས་འདྲི་ཞིབ་བྱས། ཨུ་ཡོན་ཞུའེ་རུའུ་ཅུན་གྱིས་ཏང་ཀྲུང་དབྱང་གི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱེད་དགོས་པའི་སྐོར་གྱི་བསམ་ཕྱོགས་དང་བྱེད་ཐབས་ཞེས་པ་དང་། ཨུ་ཡོན་ཨོག་དབྱང་ཁྲང་ཆུང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་པ། ཨུ་ཡོན་ལུའུ་ཝེ་ཡིས་བདེ་འཇགས་དང་བློ་གཏད་ཆོག་པའི་རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་གྱི་མཁོ་འདོན་སྦྲེལ་ཐག་མ་ལག་མགྱོགས་མྱུར་ངང་འཛུགས་པ། ཨུ་ཡོན་ཚའེ་ལེན་གྱིས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་མ་དངུལ་ལ་ཕན་འབྲས་ལྡན་པའི་སྒོ་ནས་འགན་ལེན་བྱེད་པ། ཨུ་ཡོན་ལུའུ་ཧྲི་མེན་གྱིས་འགྲིམ་འགྲུལ་འཆར་འགོད་དང་རྒྱལ་ཁོངས་བར་སྟོང་འཆར་འགོད་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ། འཐུས་མི་ཀྲི་ཧོས་ཀྱིས་ལྕགས་ལམ་དང་སྐྱེལ་འདྲེན་བྱེད་ཐབས་གཞན་པ་གཙོས་སྐྱེལ་འདྲེན་བྱེད་ཐབས་སྣ་མང་མཉམ་འབྲེལ་སྐོར་གྱི་གནད་དོན་བཅས་ཀྱི་ཐད་ནས་དྲི་བ་དྲིས།

རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཚོང་དོན་པུའུ། རྒྱལ་ཁབ་ལྕགས་ལམ་ཅུའུ། ཀྲུང་གོ་མི་དམངས་མཁའ་འགྲུལ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཚོགས་རར་ཞུགས་ནས་བསམ་འཆར་དང་དྲི་བར་ལན་བཏབ།

ལིས་ཀྲན་ཧྲུའུ་ཡིས་གཏམ་བཤད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བར་མཐོང་ཆེན་བླ་མེད་གནང་གིན་ཡོད་ཅིང་། ཐེངས་དུ་མར་འགྲིམ་འགྲུལ་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་དགོས་པའི་ཐད་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་མང་དུ་བཏོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་ལས་དོན་གྱིས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཏེ། འགྲིམ་འགྲུལ་རྒྱལ་ཁབ་ཆེན་མོ་ནས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་གྱི་ཕྱོགས་སུ་གོམ་ཁ་སྒྱུར་བཞིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་དེང་རབས་ཅན་གྱི་འཕེལ་ཕྱོགས་ཆེན་མོ་ཁོང་དུ་ཆུད་པར་བྱེད་པའི་རྨང་གཞིའི་སྟེང་དུ། འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ཅི་རིགས་ལ་གོ་བ་ཡང་དག་ལེན་དགོས་ལ། ཕན་བདེ་ཅན་དང་མགྱོགས་མྱུར་ཅན། ཟོར་ཡང་ཅན། རིམ་མཐོའི་ཚན་རྩལ་ཅན་བཅས་ཀྱི་འཕེལ་ཕྱོགས་དཀྱིལ་སྙིང་དུ་བཟུང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དེང་རབས་ཅན་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། དེང་རབས་ཕྱོགས་བསྡུས་རྣམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བསྐྲུན་པ་ལ་གཅིག་ནས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་བ་མགྱོགས་མྱུར་ངང་བསྐྲུན་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། འགྲིམ་འགྲུལ་ཐོན་ཁུངས་ཀྱི་སྒྲིག་ཆས་ལེགས་སྒྱུར་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་མི་དམངས་ལྟེ་བ་ཡིན་པའི་བསམ་་ཕྱོགས་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱི་འདོད་བློ་དང་འཚམ་པའི་འགྲིམ་འགྲུལ་ལས་དོན་གཉེར་དགོས། གསུམ་ནས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་དམིགས་འབེན་དཀྱིལ་སྙིང་དུ་བཟུང་ནས། དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་དང་ཚད་ལྡན་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས་ཟེར།

ཝང་ཡུང་གིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་འཕེལ་རྒྱས་གཏོང་དགོས་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་། སྤྱི་ཁོག་ལེགས་སྒྱུར་དང་མཐུན་སྦྱོར་མཐུན་འདྲེས་ལ་བརྟེན་ནས་གཅིག་གྱུར་འཛུགས་སྐྲུན་དང་དོ་དམ། ཞིག་གསོ། སྐྱེལ་འདྲེན་བཅས་ཀྱི་ལས་དོན་ལ་ཤུགས་བསྣན་ནས། སྔར་ལས་ལྷག་པའི་སྒོ་ནས་ལམ་ལུགས་དང་སྲིད་ཇུས་བྱེད་ཕྱོགས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་དང་ཤེས་རབ། ལྷད་མེད་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་མཐར། འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཅན་མགྱོགས་མྱུར་ངང་སྐྲུན་པ་དང་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་འདེགས་སྐྱོར་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།

ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མེན་གྱིས་ཚོགས་འདུར་འགོ་འཛིན་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།