ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་དང་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་གསར་བའི་འདུ་ཤེས་ཆ་ཚང་ཞིང་ཡང་དག་པ་དང་། ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་པའི་སྤྱིའི་དགོངས་གཞི་རྒྱུན་བསྐྱངས་ཏེ། བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་ནས། འཕེལ་རྒྱས་དང་བདེ་འཇགས། འགག་སྒྲོལ་དཀའ་སེལ། གསར་འབྱེད་གསར་སྐྲུན་བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་རྩོམ་དགོས་ཞེས་ནན་གྱིས་བསྟན།  

ཟླ6པའི་ཚེས7ཉིན་ནས་ཚེས9ཉིན་བར། ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གི་ཕེབས་རོགས་འོག སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཁུལ་དུ་བསྐྱོད་དེ། ཁེ་ལས་དང་སྡེ་ཁུལ། རང་བྱུང་སྲུང་སྐྱོང་ས་ཁུལ། ཞིང་སྡེ་བཅས་སུ་རྟོག་ཞིབ་གནང་།

ཚེས7ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་དུ་གནས་པའི་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་སི་རུ་རྟོག་ཞིབ་གནང་། ཞི་ཅིན་ཕིང་གིས་ཐོན་སྐྱེད་འཁོར་ཁང་དུ་རྒྱུ་ཆ་དང་ཐོན་སྐྱེད་བཟོ་རིམ། ཐོན་རྫས་འགྲེམ་སྟོན་བཅས་ལ་གཟིགས་ཞིབ་གནང་སྐབས། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱ་ཡག་བོད་ལུགས་ས་གདན་ལག་ཤེས་བསླས་འཐག་ལག་རྩལ་ཀྱི་སྲུང་སྐྱོང་དང་རྒྱུན་འཛིན་ལ་རྒྱུས་ལོན་གནང་སྟེ། ཁེ་ལས་ཀྱིས་ས་གནས་མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་བར་སྣེ་ཁྲིད་བྱེད་པའི་ཕྱོགས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཁེ་ལས་ཀྱི་ཞིབ་བཤེར་དང་ཇུས་འགོད་སྡེ་ཁག་ནས་ཐོན་རྫས་རྡར་ཤན་ཚད་ལེན་ཚོད་ལྟ་དང་། ཐོན་རྫས་ཇུས་འགོད་དཔེ་དབྱིབས་བཅས་ལ་གཟིགས་ཞིབ་ནན་ཏན་གནང་སྟེ། ཐོན་རྫས་ཀྱི་ཚོང་ལམ་དང་ཁེ་ལས་ཀྱི་གསར་སྐྲུན་འཕེལ་རྒྱས་གནས་ཚུལ་ལ་འདྲི་རྟོག་གནང་། ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆེས་ཁྱད་ཆོས་ལྡན་པའི་ཐོན་ལས་དང་ཆེས་གསོན་ཤུགས་ལྡན་པའི་ཁེ་ལས་སྐྱོང་མཁས་པ་དང་། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་སྤུས་ལེགས་ཁེ་ལས་གསོ་སྐྱོང་བྱེད་པ་དང་ཁེ་ལས་འཕེལ་རྒྱས་ཀྱིས་ཐོན་ལས་མཐོར་འདེགས་ལ་སྣེ་ཁྲིད་བྱེད་དགོས་ཤིང་། མཚོ་སྔོན་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ནུས་པ་འདོན་ས་མང་བ་དང་མདུན་ལམ་ཡང་ཆེན་པོ་ཡོད་པས། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་ཁོར་ཡུག་ཧུར་ཐག་གིས་བསྟོད་སྐུལ་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་པ་དང་། ཁེ་ལས་གསར་སྐྲུན་ཞབས་ཞུ་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ཕྱོགས་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བར་སྐུལ་མ་གནང་སྟེ། སྲོལ་རྒྱུན་ལག་རྩལ་དང་དེང་རབས་ལག་རྩལ་གྱི་ཟུང་འབྲེལ་དམ་ཚགས་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ལ་ཤུགས་སྣོན་དགོས། ཐོན་ལས་སྐྱེད་སྲིང་དང་ཁེ་ལས་འཕེལ་རྒྱས་དེ་མང་ཚོགས་ལས་ཞུགས་དང་གྲོང་གསེབ་དར་སྤེལ། མི་རིགས་མཐུན་སྒྲིལ་བཅས་སྔར་ལས་ལྷག་པར་གཅིག་གྱུར་བྱས་ཏེ། ཕན་ཚུན་སྐུལ་འདེད་དང་ཕན་ཚུན་སྤེལ་རེས་བྱེད་དགོས་ཞེས་ནན་གྱིས་བསྟན།

དེའི་རྗེས་སུ། ཞི་ཅིན་ཕིང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་ལམ་ཝུན་ཐིན་སྲང་ལམ་སྡེ་ཁུལ་དུ་ཕེབས་ནས། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། གཞི་རིམ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཅས་ཀྱི་ལས་དོན་སྙན་ཞུ་ལ་གསན་པ་དང་ཆབས་ཅིག ཡུལ་དངོས་སུ་ལས་སྒྲུབ་མང་ཚོགས་དང་གླེང་མོལ་གནང་། ཞི་ཅིན་ཕིང་སྔ་རྗེས་སུ་སྡེ་ཁུལ་གྱི་ཡིག་རིས་ཁང་དང་། བདེ་སྐྱིད་ཟ་ཁང་། ལུས་གསོ་སྨན་བཅོས་ཁང་། ཞབས་བྲོ་ཁང་། དཔེ་གཟིགས་ཁང་བཅས་སུ་ཕེབས་ནས། ལས་འཁྱུར་ངལ་གསོ་པས་ཡིག་རིས་སྦྱོང་བརྡར་དང་གླུ་གཞས་སྦྱོང་བརྡར་ལ་གཟིགས་ཞིབ་གནང་སྟེ། སྡེ་ཁུལ་གྱིས་རྒན་རྒོན་ལ་བཟའ་བཏུང་དང་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་ཚུལ་དང་། གཞོན་ནུ་ལོ་ཆུང་ལ་སྤྱི་ཕན་རང་བཞིན་གྱི་སློབ་ཕྱིའི་མངགས་བཅོལ་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་གནང་། སྡེ་ཁུལ་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་གིས་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་། ཁོང་གིས་སྡེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཐབ་ས་གལ་ཆེན་དུ་བརྩིས་ནས་མི་རིགས་ཁག་གི་མི་དམངས་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་སྦྲེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། མཉམ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་བསྐྲུན་དགོས་ལ། སྡེ་ཁུལ་བཅོས་སྐྱོང་ལེགས་པོ་བྱེད་ཐུབ་མིན་གྱི་འགག་རྩ་ནི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་རག་ལས་ཡོད་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་སྔར་ལས་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་། སྡེ་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁུལ་གྱི་ལས་དོན་གནད་ལ་འཁེལ་བར་བསྒྲུབས་ནས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་དོན་དག་རེ་རེ་བཞིན་སྒྲུབ་པའི་གོ་རིམ་ཁྲོད་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་གཏོང་དགོས་ལ། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ཡོང་བར་འབད་འཐབ་ལྷོད་མེད་བྱེད་དགོས་པར་བསྟན།

ཚེས8ཉིན། ཞི་ཅིན་ཕིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་རྟོག་ཞིབ་གནང་བར་ཕེབས། ཐོག་མར་ཁོ་རང་མཚོ་སྔོན་པོའི་ཁེ་རམ་ཐང་དུ་ཕེབས་ནས་མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རི་བོ་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣན་པའི་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་དང་། དེ་རྗེས་ཁོང་ཉིད་ཤིང་གི་ཁྱམས་ལམ་བརྒྱུད་དེ་རྐང་ཐང་གིས་གཟིགས་ཞིབ་ལ་ཕེབས་ནས། དེ་གའི་ཡངས་ཤིང་རྒྱ་ཆེ་བའི་མཚེའུ་དང་། དྭངས་ཤིང་གཙང་བའི་ཆུ་བོ། རང་དབང་གིས་འཕུར་ལྡིང་བྱེད་པའི་ཆུ་བྱ་བཅས་ལ་གཟིགས་སྐབས། ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ནི་ལས་སླ་པོ་ཞིག་མིན་པས་སྔར་བས་གཅེས་སྤྲས་ལེགས་པོ་བྱས་ཏེ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་དགོས་པ་དང་། སྐྱེ་ཁམས་ནི་ང་ཚོའི་རྩ་ཆེའི་ཐོན་ཁུངས་དང་རྒྱུ་ནོར་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ལེགས་པོ་བྱས་ནས་གཙང་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོང་ལེགས་པོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལེགས་པོ་བཅས་བྱེད་དགོས་པ་ནན་གྱིས་བསྟན།

འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་ནི་འབྲོག་ཁྱིམ་གཅིག་བསྡུས་ངང་བཀོད་སྒྲིག་བྱས་པའི་སྡེ་གསར་ཞིག་ཡིན་པ་དང་།  2017ལོར་ནོར་ལུག་གསོ་ཚགས་ལས་རིགས་སོགས་ཐོན་ལས་ལ་བརྟེན་ནས་སྡེ་བ་ཡོངས་དབུལ་ཐར་བྱུང་ཡོད།  བློ་མཐུན་ཞི་ཅིན་ཕིང་གནས་དེར་ཕེབས་པ་ན། བོད་རིགས་འབྲོག་པ་བསོད་ནམས་ཚེ་རིང་གིས་བཟའ་མི་ཡོངས་སྣེ་ཁྲིད་དེ་ལྷག་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཁྱིམ་དུ་བསུས་ཤིང་དྲི་མེད་ཁ་བཏགས་ཕུལ།  ཞི་ཅིན་ཕིང་ཁྱིམ་དུ་ཕེབས་ནས་གཞིས་ཁྱིམ་ཕྱི་ནང་ལ་ཞིབ་ཚགས་ཀྱིས་གཟིགས་རྗེས་ཁྱིམ་མི་གང་བོ་དང་མཉམ་དུ་གླེང་མོལ་མཛད།  བསོད་ནམས་ཚེ་རིང་གིས་བཤད་རྒྱུར་འབྲོག་པའི་འཚོ་བར་བདེ་སྐྱིད་ལྡན་པ་ནི་ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིན་ཡིན་པས།  སེམས་གཏིང་ནས་གུང་ཁྲན་ཏང་ལ་བཀའ་དྲིན་ཞུས་པ་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ལ་བཀའ་དྲིན་ཞུས་པ་ཡིན་ཟེར།  ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་དུས་ཡིན་པ་དང་ང་ཚོའི་ཏང་འཕེལ་རྒྱས་དང་སྟོབས་ཆེན་དུ་གྱུར་བ་ལས་སླ་བོ་ཞིག་མིན་ལ་སྲིད་དབང་བཙུགས་པའང་ལས་སླ་བོ་ཞིག་མིན་པ་མ་ཟད།  ཀྲུང་གོ་གསར་བ་འཛུགས་སྐྲུན་བྱེད་པ་ནི་དེ་བས་ལས་སླ་མོ་ཞིག་མིན། མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་།  མི་རིགས་སོ་སོར་བདེ་སྐྱིད་བསྐྲུན་པས་ཡིན་ཞེས་བསྟན།

བསོད་ནམས་ཚེ་རིང་གི་ཁྱིམ་ནས་ཕྱིར་ཕེབས་སྐབས། ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་ནས་སྤྲོ་སེམས་ཆེན་པོས་ལམ་འགྲམ་དུ་ལངས་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས།  ཞི་ཅིན་ཕིང་གིས་སེམས་འགུལ་ཐེབས་པའི་ངང་ཡུལ་མི་སྤུན་ཟླ་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་མཐོང་སྐབས། ང་རང་སེམས་སྤྲོ་ཞིང་བློ་བདེ་བར་གྱུར་ཞེས་གསུངས། ང་ཚོས་མུ་མཐུད་དུ་འབད་འཐབ་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་སུ། ཀྲུང་ཧྭ་མི་རིགས་སྔར་ལས་ཞུམ་མེད་སྟོབས་ལྡན་ངང་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་ལངས་ཐུབ་པ་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་ལུས་བྱེད་མི་རུང་ལ།  ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་ཚང་མ་སེ་འབྲུའི་འབྲུ་གུ་ལྟར་དམ་པོར་འཁྱུད་ནས་མཛའ་བརྩེ་དང་འཆམ་མཐུན་ངང་ཕན་ཚུན་རོགས་རེས་བྱས་ཚེ། གཞི་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གཞི་ནས་ཉམས་དམས་སུ་འགྲོ་མི་སྲིད་ཅེས་གསུངས་རྗེས།  ཞི་ཅིན་ཕིང་གིས་ཚང་མར་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཞུས། 

ཚེས9ཉིན་གྱི་སྔ་དྲོར།  ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུར་གསན་སྐབས། མཚོ་སྔོན་གྱི་ལས་དོན་སོ་སོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད།  མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་གསར་འབྱེད་གསར་སྐྲུན་དང་འགན་འཁུར་དངོས་སྒྲུབ་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བཏོན།

ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་སྐྲུན་བྱེད་པར་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གོ་གནས་དང་། རྒྱལ་ཁབ་མངའ་ཁོངས་བདེ་འཇགས་ཀྱི་གོ་གནས། ཐོན་ཁུངས་དང་ནུས་རྒྱུའི་བདེ་འཇགས་ཀྱི་གོ་གནས་བཅས་ནི་དེ་བས་གལ་ཆེན་དུ་གྱུར་ཡོད་པ་དང་། རྒྱལ་ཁབ་མངའ་ཁོངས་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་ཇེ་ལེགས་སུ་བཏང་སྟེ་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དོན་དངོས་ཟུང་འབྲེལ་བྱེད་པ་དང་། དགེ་སྤེལ་སྐྱོན་སྤོང་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དགོས་པ་དང་། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་སྤུས་ཚད་གཞིར་བཟུང་སྟེ། ཧུར་ཐག་སྒོས་གསར་དར་ཐོན་ལས་གསོ་སྤེལ་བྱེད་པ་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་བཅས་གསར་སྐྲུན་བྱེད་དགོས། ཚན་རྩལ་ལམ་ལུགས་དང་སྒྲིག་སྲོལ་བསྒྱུར་བཅོས་ཇེ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཇེ་ཆེར་གཏོང་བ། གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བཅས་བྱ་དགོས་པ་དང་། དུས་རབས་གསར་བའི་ནང་ཏང་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་གནས་བབ་གསར་པ་ཆགས་པ་དང“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་དང་རྨ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་རྐྱེན་སྒུལ་ཤུགས་ཆེ་རུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ལྷག་པར་དུ་འགན་ཁུར་བློ་མཐུན་གཙོ་བོས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་དགོས་པ་མ་ཟད། ནོར་སྲིད་དང་ཁྲལ་བསྡུ། རྩིས་བཤེར་སོགས་ཀྱི་ལས་དོན་གཅིག་གྱུར་སྒོས་ལེགས་པོར་སྒྲུབ་ཏེ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་ནན་མོར་འཛིན་པ་བཅས་ཕྱོགས་སོ་སོའི་མ་དངུལ་དོ་དམ་དང་བེད་སྤྱོད་ལེགས་པོ་བྱས་ཏེ། དངུལ་རྩའི་ཉེན་ཁ་སྔོན་འགོག་ཏན་ཏིག་བྱེད་པ་དང་། ནོར་སྲིད་དང་དཔལ་འབྱོར་ལས་དོན་ཕྱོགས་ནས་ཏང་ཀྲུང་དབྱང་གི་ནོར་སྲིད་དཔལ་འབྱོར་བྱ་བའི་རྩ་དོན་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཐབས་ཆག་གི་འཚོ་བ་རོལ་བའི་བླང་བྱ་དངོས་འབེབས་བྱེད་དགོས་ཞེས་བསྟན། 

  ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན་ཡིན”ཞེས་གསུང་བ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིའི་འདུ་ཤེས་བརྟན་པོར་བཙུགས་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ལེགས་པོ་བྱེད་དགོས་ལ། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱ་རྒྱུ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལས་དོན་གལ་ཆེན་དུ་བརྩིས་ནས། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བཅས་བྱེད་པའི་ལས་འགན་གལ་ཆེན་ལེགས་པོར་འཁུར་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། འཁོར་སྐྱོད་ལམ་སྲོལ་གསར་གཏོད་བྱེད་པ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བསྐྱར་དཔར་བྱེད་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་དེ་བས་མང་པོ་འཚོལ་ཞིབ་བྱེད་དགོས་པ་དང་། གངས་རི་དང་འཁྱགས་རོམ། གཙང་བོའི་བཞུར་རྒྱུན། མཚེའུ། བརླན་ས། རྩྭ་ཐང་དང་སྤང་ལྗོངས། བྱེ་ས་དང་ཐང་རྒོད་སོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་སླར་གསོར་ཤུགས་བསྣན་ཏེ། ནུས་ཤུགས་ཡོད་རྒུས་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཏེ་ཆུ་ཁུངས་གསོག་ཉར་ནུས་པ་མཐོ་རུ་གཏོང་བ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་ནུས་ལྡན་གྱིས་བེད་སྤྱོད་བྱེད་དགོས་པར་ནན་གྱིས་བསྟན། 

ཞི་ཅིན་ཕིང་གིས་མི་དམངས་ཀྱི་བརྩེ་སེམས་ཡིད་ལ་བཅིངས་ནས་མི་དམངས་ལ་དམ་པོར་བརྟེན་པ་དང་། རྒྱུན་མི་ཆད་པར་མི་དམངས་ལ་བདེ་སྐྱིད་སྐྲུན་ནས་ཐུན་མོང་ངང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། བྱེད་ཐབས་ནུས་ལྡན་གྱིས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱེད་དགོས་པ་དང་། ལས་ཞུགས་དང་ཡོང་འབབ་བགོ་བ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་གཉོར། ཟས་རིགས་བདེ་འཇགས། སྤྱི་ཚོགས་བདེ་སྐྱོང་སོགས་ཀྱི་གནད་དོན་གཅིག་གྱུར་གྱིས་ཐག་གཅོད་ཡག་པོ་བྱེད་དགོས་ལ། སྐྱེ་ཁམས་དང་དམངས་འཚོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་འགན་སྲུང་གི་བར་མཐུན་སྦྱོར་ཡག་པོ་བྱེད་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཇེ་ལེགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་བར་འབྲེལ་མཐུད་ནུས་ལྡན་བྱེད་དགོས་པ་དང་། ཞིང་ཕྱུགས་ཐོན་རྫས་ཚད་ལྡན་ཅན་དང་ལྗང་མདོག་ཅན་གྱི་ཐོན་སྐྱེད་ལ་ཤུགས་སྣོན་པ། སྐྱེ་ལྡན་ཅན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཇེ་ཆེར་གཏོང་བ། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་བྱང་ཚད་མཐོར་འདེགས་དང་ཞིང་ཕྱུགས་ས་ཁུལ་གྱི་རིག་གནས་དར་སྤེལ་དུ་གཏོང་དགོས་ཞེས་གསུངས་པར་མ་ཟད། ཞི་ཅིན་ཕིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ས་ཡོམ་བྱུང་ཡུལ་རྨ་སྟོད་གནོད་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས་པ་ཡིན་ཞེས་སྐད་བསྐུར་བ་དང་། གནོད་ཁུལ་སླར་གསོ་དང་བསྐྱར་བསྐྲུན་གྱི་ལས་དོན་ཡག་པོ་བསྒྲུབ་ཅིང་། མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་མང་ཚོགས་ལ་སེམས་གསོ་བྱེད་པ། མང་ཚོགས་ལ་དྲོད་ཁོལ་སྦྱིན་ཏེ་མཉམ་དུ་བདེ་སྐྱིད་ལྡན་ཞིང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བསྐྲུན་བྱེད་དགོས་ཞེས་བསྟན། 

ཞི་ཅིན་ཕིང་གིས་མཚོ་སྔོན་ནི་ཞིན་ཅང་བརྟན་རླིང་དང་བོད་ལྗོངས་གཏན་འཇགས་ཡོང་བའི་འཐབ་ས་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་དུས་རབས་གསར་བའི་བོད་སྐྱོང་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་ལས་འགན་གཙོ་བོའི་འགན་འཁྲི་འཁུར་དགོས། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་སྲུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་གཏིང་ཟབ་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་འཕྲོད་མཐུན་ཡག་པོ་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས་ལ། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་ཚད་མཐའི་བསམ་བློ་རྒྱུན་འཁྱོངས། རྒྱལ་ཁབ་ཀྱི་བདེ་འཇགས་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། རིམས་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལས་དོན་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་སྒྲུབ་དགོས་པ་དང་བདེ་འཇགས་དང་ཐོན་སྐྱེད་དོན་རྐྱེན་ཆེན་པོ་ནུས་ལྡན་ངང་འགོག་པ་དང་། ནག་སེལ་ངན་འཇོམས་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་དུ་གཏོང་བ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་རླིང་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན། 

 ཞི་ཅིན་ཕིང་གིས་ང་ཚོའི་ཏང་གི་ལོ་བརྒྱའི་འཐབ་རྩོད་ཁྲོད། སོ་སོར་ཁྱད་ཆོས་ལྡན་པའི་གསར་བརྗེའི་སྙིང་སྟོབས་སྐོར་ཞིག་གསོ་སྐྱོང་བྱས་ཡོད་ལ། དེ་དག་གིས་ཏང་གི་འགྱུར་མེད་དད་སེམས་དང་གཞི་རྩའི་དགོངས་དོན། སྤྱོད་ཚུལ་བཟང་པོ་བཅས་གཅིག་བསྡུས་སྒོས་མཚོན་ཡོད་ལ། དེ་ནི་ང་ཚོས་འབད་པ་ལྷོད་མེད་བྱེད་པར་སྐུལ་ལྕག་གནང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་བསླབ་ནས་སྤྱོད་བཟང་བསྟེན་པར་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱས་ཏེ། བླ་མེད་ཀྱི་ཀུན་སྤྱོད་གཤིས་ཀ་གསོག་ཉར་བྱེད་དགོས། གཅིག་ནི་ཏང་ལ་བློ་དཀར་བའི་བླ་མེད་ཀྱི་གཤིས་སྤྱོད་ལ་གོང་བཀུར་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ནམ་ཡིན་ཡང་ཏང་ནང་དུ་ཞུགས་སྐབས་སུ་ཏང་ལ་བློ་དཀར་བ་དང་ཏང་ལ་ངོ་ལོག་མི་བྱེད་པའི་དམ་བཅའ་མི་བརྗེད་པར། ནམ་ཡིན་ཡང་ཏང་ལ་བློ་དཀར་བ་དང་ཏང་གི་ལས་དོན་ལ་བློ་དཀར་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་བ་དང་ནམ་ཞར་ཡང་བློ་འགྱོད་མི་སྐྱེས་པར་བྱེད་དགོས། གཉིས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྤྱི་བསམ་ལ་གོང་བཀུར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བཏང་ནས་ནམ་ཡིན་ཡང་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་བྱེད་དགོས་ལ། འགན་འཁུར་ཕོད་པ་དང་ཧུར་ཐག་གིས་བྱས་རྗེས་བཞག་སྟེ། དངོས་གནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དེ་ཆེས་གཞི་རྩའི་འགན་འཁྲི་རུ་བརྩི་དགོས། གསུམ་ནི་རང་གཅུན་ནན་མོའི་སྤྱོད་བཟང་ལ་གོང་བཀུར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གཟབ་ནན་རང་བཤེར་གྱིས་ཚུལ་ལྡན་དག་གཙང་གི་མི་ཡ་རབས་ཤིག་དང་གཙང་མ་གཙང་རྐྱང་གིས་བྱ་བ་སྒྲུབ་ནས། ཧུར་བརྩོན་གྱིས་མཆོག་ཏུ་གྱུར་བ་དང་རྣམ་པར་དག་པ། ཀུན་སྤྱོད་ལེགས་པ། ཐ་ཤལ་ཞེན་ཆགས་དང་བྲལ་བ། མི་དམངས་ལ་ཕན་འདོགས་ཐུབ་པའི་མི་ཞིག་ཏུ་འགྱུར་བར་བརྩོན་དགོས། བློ་དཀར་ཞིང་སྤྱོད་པ་ལེགས་ལ་འགན་འཁྲི་ཡོད་པ་དང་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གཅིག་གྱུར་སྒོས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པར་སྐུལ་འདེད་བཏང་ནས་ཏང་གི་ཁྱོན་ཡོངས་བདེ་ཐང་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཏིན་ཞུའེ་ཞང་དང་ལིའུ་ཧི། ཁྲིན་ཞི། ཧའོ་ལི་ཧྥུན་བཅས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་མཉམ་དུ་རྟོག་ཞིབ་ལ་ཕེབས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།