ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡུང་གིས་ཅང་ཞི་དང་ཧྥུའུ་ཅན་དུ་ཞོད་འགོག་གནོད་སེལ་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་ཞོད་འགོག་གནོད་སེལ་སྤྱིའི་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཀོད་འདོམས་པ་ཝང་ཡུང་གིས་ཅང་ཞི་དང་ཧྥུའུ་ཅན་དུ་ཞོད་འགོག་གནོད་སེལ་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞོད་འགོག་རྒུད་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལག་བསྟར་ནན་མོ་བྱེད་པ་དང་། ཞོད་འགོག་རྒུད་སྐྱོབ་བྱ་བར་རྐང་བཙུགས་ཏེ། ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བརྡར་གཅོད་ནུས་པར་ཤུགས་སྣོན་པ་དང་ཉེན་ཁ་ཆེ་སར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ་དང་། ཆུ་ལོག་རྒྱུག་པའི་གནས་ཚུལ་དང་རིགས་སོ་སོའི་གནོད་འཚེའི་རང་བཞིན་གྱི་གནམ་གཤིས་ལ་དོགས་ཟོན་དང་ཁ་གཏད་འཇལ་ནས། སྟོབས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ཝང་ཡུང་གིས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོ། རིམ་པ་སོ་སོའི་ཞོད་འགོག་གནོད་སེལ་བཀོད་འདོམས་པུའུ་ཡིས་བློ་ཐག་རྦད་ཆོད་སྒོས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། རྩ་འཛུགས་མགོ་ཁྲིད་དང་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་རིམ་པ་སོ་སོ་རུ་ཞོད་འགོག་གནོད་སེལ་འགན་འཁྲི་དང་བྱེད་ཐབས་དང་ལེན་བྱེད་པ་དང་། གཙང་བོ་དང་ཆུ་བོ། མཚོའུ། ཆུ་མཛོད་བཅས་ཀྱི་ཆུ་རགས་དང་གྲོང་ཁྱེར་གྱི་འཁྱིལ་ཆུ་དང་ཆུ་ལོག་རྒྱུག་པའི་ས་གཤིས་སོགས་ཀྱི་ཉེན་ཁར་ཞིབ་བཤེར་ནན་མོ་བྱེད་དགོས་ལ། ཚན་རིག་དང་མཐུན་པར་རིགས་སོ་སོའི་ཞོད་འགོག་དང་འཁྱིལ་ཆུ་ཕྱིར་ཕུད་པ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས་དུས་ཐོག་ཏུ་ཉེན་ཁ་ཐག་གཅོད་ནན་མོ་བྱེད་དགོས། ཆར་བ་དྲག་པོ་འབབ་པའི་གནས་ཚུལ་ལ་དམིགས་ཏེ་གནོད་འཚེ་ཐེབས་པ་དང་འཇིགས་སྣང་སྐུལ་བའི་མང་ཚོགས་དུས་ཐོག་ཏུ་གནས་སྤོར་བྱེད་པ་དང་། རིགས་སོ་སོའི་གནོད་འཚེ་དང་དོན་རྐྱེན་འབྱུང་བ་གཏན་འགོག་བྱས་ནས། ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་བདེ་འཇགས་དང་བརྟན་འཇགས་ཁོར་ཡུག་གསར་སྐྲུན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།