ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་དང་པོའི་སྐབས་སུ་ཨུ་རུ་སུ་དཀར་པོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཞན་ཁུ་ཡུག་ལི་འཁོར་དང་བཅས་པར་ཐུག་འཕྲད་བྱས།
ཀྲང་ལིས་ཀྱིས་ཞན་ཁུ་ཡུག་ལི་འཁོར་དང་བཅས་པ་མཚོ་སྔོན་དུ་ཡོང་ནས་སྐྱེ་ཁམས་དཔལ་ཡོན་བརྗེ་རེས་མཉམ་ལས་ཀྱི་ཇུས་ཆེན་ལ་གྲོས་མོལ་དང་ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པར་བཀའ་དྲིན་ཆེ་ཞུས། ཀྲང་ལིས་ཀྱིས་བཤད་རྒྱུར། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་ལ། རིག་གནས་སྣ་མང་དང་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པ་དང་། མཚོ་སྔོན་ནི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་རྟེན་གཞི། མི་རིགས་རིག་གནས་ཡུལ་སྐོར་གྱི་དམིགས་འབེན་ཁུལ་བཅས་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་འོག མཚོ་སྔོན་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། མི་དམངས་བདེ་སྡོད་ལས་བརྩོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་།
ཀྲང་ལིས་ཀྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་དང་ཨུ་རུ་སུ་དཀར་པོའི་བརྗེ་རེས་འབྲེལ་འདྲིས་ཐད་ལ་རྨང་གཞི་བཟང་བོ་ཡོད་པ་དང་། ཕྱི་ཕྱོགས་བརྗེ་རེས་མཉམ་ལས་ཀྱི་སྦས་ཤུགས་དང་འཕེལ་རྒྱས་བར་སྟོང་རྒྱ་ཆེན་པོ་ཡོད། མཚོ་སྔོན་གྱིས་ཀྲུའུ་ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་ལག་བསྟར་ནན་མོ་བྱས་ཏེ་ཨུ་རུ་སུ་དཀར་པོ་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་ཉོ་ཚོང་། སློབ་གསོ་དང་ཚན་རིག རིག་གནས། འཕྲོད་བསྟེན། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ནས་བརྗེ་རེས་གཏིང་ཟབ་དང་དངོས་གཉེར་མཉམ་ལས་བྱས་ནས་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཞན་ཁུ་ཡུག་ལི་ཡིས་གདན་ཞུས་ལྟར་མཚོ་སྔོན་དུ་ཡོང་ནས་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་དང་པོར་ཞུགས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། ཨུ་རུ་སུ་དཀར་པོ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པ་དེ་ས་གནས་མཉམ་ལས་སྤེལ་བར་དོན་སྙིང་གལ་ཆེན་ལྡན་ལ། རྗེས་ཕྱོགས་མུ་མཐུད་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐབས་ལམ་རྒྱ་བསྐྱེད་པ་དང་། བརྗེ་རེས་འབྲེལ་འདྲིས་ལ་ཤུགས་བསྣན་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་དང་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་ཐུག་འཕྲད་ལ་ཞུགས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཀྲང་ལིས་ཀྱིས་ཨུ་རུ་སུ་དཀར་པོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ཞན་ཁུ་ཡུག་ལི་ལ་ཐུག་འཕྲད་བྱས།