ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སུམ་ཅུ་པའི་ཐོག རྒྱལ་སྤྱིའི་ བརྒྱུད་སྤེལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་དངོས་ཡོད་དང་ལངས་གཟུགས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2021-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས31ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་རྒྱལ་གྱི་རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་འཛུགས་སྐྱོང་བྱེད་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་སུམ་ཅུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཀྲུང་གོའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། ཀྲུང་གོའི་གསུང་སྒྲ་བརྒྱུད་སྤེལ་ཡག་པོ་བྱེད་པ། དངོས་ཡོད་དང་ལངས་གཟུགས། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་མངོན་པར་བྱེད་རྒྱུ་བཅས་ནི་རང་རྒྱལ་གྱི་རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་འགན་གལ་ཆེན་ཞིག་རེད། དུས་བབ་གསར་པའི་འོག་གི་རྒྱལ་སྤྱིའི་བརྒྱུད་སྤེལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཐོག་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གནས་བབ་དང་འཚམ་པའི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་གྲུབ་པ་བྱས་ནས་རང་རྒྱལ་གྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ཐད་ཕྱི་རོལ་གྱི་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་ཀྱང་འབུལ་དགོས་པའི་ནན་བཤད་གནང་བ་རེད།

ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཝུའེ་ཡིས་གནད་དོན་དེའི་ཐད་གསལ་འགྲེལ་གནང་ནས་ལས་ཀའི་སྐོར་གྱི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་ཁོང་གི་གསལ་འགྲེལ་ནན་ཏན་ངང་གསན་པ་མ་ཟད་གྲོས་བསྡུར་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས་རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་ཕྱི་ཕྱོགས་བརྒྱུད་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རྒྱལ་སྤྱིའི་བརྒྱུད་སྤེལ་དྲང་སྲུང་གསར་གཏོད་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཕྱི་ནང་དྲིལ་བསྒྲགས་སྒྲིག་གཞིར་མཐུན་སྦྱོར་གང་ལེགས་བྱེད་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ལྡན་པའི་སྨྱན་སྦྱོར་ཁྱུ་ཚོགས་གཏོད་པ། ཀྲུང་ཧྭའི་རིག་གནས་ཕྱི་ཕྱོགས་སུ་བརྒྱུད་སྤེལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་གླེང་ཕྱོགས་ཀྱི་འཐབ་རྩོད་ནུས་ལྡན་སྤེལ་བས་བྱེད་པོ་མང་ཞིང་ལངས་གཟུགས་རྣམ་པའི་ཕྱི་ཕྱོགས་དྲིལ་བསྒྲགས་ཆེ་མོའི་རྣམ་པ་རགས་ཙམ་གྲུབ་པ་མ་ཟད། རང་རྒྱལ་གྱི་རྒྱལ་སྤྱིའི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་ཆབས་ཅིག་དུས་བབ་གསར་པ་དང་ལས་འགན་གསར་པའང་འཕྲད་བཞིན་ཡོད། རྩེ་རིམ་ཇུས་འགོད་དང་ཞིབ་འཇུག་བཀོད་སྒྲིག་ལ་ངེས་པར་དུ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་འཐབ་ཇུས་བརྒྱུད་སྤེལ་མ་ལག་གྲུབ་པ་བྱས་ཐོག་རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་། ཀྲུང་ཧྭའི་རིག་གནས་ཀྱི་བློ་སེམས་འགུག་ཤུགས། ཀྲུང་གོའི་གཟུགས་བརྙན་གྱི་འབྲེལ་འདྲིས་ནུས་པ། ཀྲུང་གོའི་གཏམ་བཤད་ཀྱི་གོ་སྐོན་བློ་འགུག་ནུས་པ། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་བཅས་ཆེ་རུ་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོའི་གཏམ་བཤད་དང་ཀྲུང་གོའི་དོན་བརྗོད་མ་ལག་གང་མགྱོགས་བཙུགས་ཏེ་ཀྲུང་གོའི་རིགས་པའི་གཞུང་ལུགས་ཐོག་ནས་ཀྲུང་གོའི་ལག་ལེན་རྒྱས་བཤད་བྱེད་པ་དང་། ཀྲུང་གོའི་ལག་ལེན་ཐོག་ནས་ཀྲུང་གོའི་རིགས་པའི་གཞུང་ལུགས་མཐོར་འདེགས་ཡོང་བ་བྱས་ཏེ་ཀྲུང་ཕྱི་འབྲེལ་མཐུད་ཐུབ་པའི་ཐ་སྙད་གསར་པ་དང་། ཁྱབ་ཁོངས་གསར་པ། གསལ་བརྗོད་གསར་པ་བཅས་བཏོད་ཐོག་ཀྲུང་གོའི་གཏམ་རྒྱུད་དང་དེའི་བསམ་བློའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་ཡག་པོ་མངོན་པར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་བསྒྲགས་གསལ་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་བྱེད་པའི་ཐད་འབད་འཐབ་བྱེད་བཞིན་ཡོད་པ་ཕྱི་རྒྱལ་གྱི་དམངས་ཚོགས་ཀྱིས་ངོས་འཛིན་ཡང་དག་ཐུབ་པ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་བཅས་ཤེས་རྟོགས་གང་ལེགས་ཐུབ་པ་བྱེད་དགོས། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ལ་དམིགས་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་སོགས་ཕྱོགས་མང་པོར་ཞིབ་འཇུག་གཏིང་ཟབ་བྱས་ཏེ་རྒྱལ་སྤྱིའི་བརྒྱུད་སྤེལ་ལས་དོན་ཐད་རིགས་གཞུང་གི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། ཀྲུང་ཧྭའི་རིག་གནས་ཕྱིར་སྤེལ་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་རིག་གནས་ལ་བརྟེན་ནས་ལམ་བུ་གཏོད་པ་དང་། རིག་གནས་ལ་བརྟེན་ནས་གསུང་སྒྲ་བརྒྱུད་སྤེལ་བྱེད་པ། རིག་གནས་ལ་བརྟེན་ནས་མི་སེམས་ལ་སྐུལ་མ་ཐེབས་པ་བཅས་བྱས་ཏེ་འཛམ་གླིང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་སྙིང་སྟོབས་མངོན་པ། ཀྲུང་གོའི་བློ་གྲོས་འདུས་པ་བཅས་ཀྱི་ཕུལ་བྱུང་རིག་གནས་གསལ་འགྲེལ་དང་འོས་སྦྱོར་བྱེད་དགོས། དགོངས་གཞིར་དམ་འཛིན་བྱ་རྒྱུར་མཐོང་ཆེན་བྱས་ཏེ་སྒོ་དབྱེའི་གདེང་ཚོད་དང་ཁེངས་སྐྱུང་གཤིས་འཇམ་གྱི་སྒོ་ནས་ཡིད་ཆེས་ཆོག་པ་དང་། གཅེས་སུ་འོས་པ། གུས་བཀུར་འོས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོའི་འདོད་ཚུལ་དང་། ཀྲུང་གོའི་བློ་གྲོས། ཀྲུང་གོའི་ཇུས་གཞི་བཅས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ཏེ་རང་རྒྱལ་འདི་ཉིད་འཛམ་གླིང་གི་གར་སྟེགས་དབུས་སུ་བསྐྱོད་དེ་གོ་ལ་ཧྲིལ་པོའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པའི་འཇོན་ཐང་ཡོད་ལ་འགན་འཁྲི་ཡང་ཡོད་པས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ལ་བརྟེན་པ། ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཀྲུང་ཧྭའི་ཤེས་དཔལ་ལ་གཞི་ཚུགས་པ་བཅས་བྱས་ནས་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ལྟ་བ་དང་། ཤེས་དཔལ་གྱི་ལྟ་བ། བདེ་འཇགས་ཀྱི་ལྟ་བ། འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ། སྐྱེ་ཁམས་ཀྱི་ལྟ་བ། རྒྱལ་སྤྱིའི་སྒྲིག་ལམ་གྱི་ལྟ་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་བཅས་ཕྱོགས་ཡོངས་ནས་རྒྱས་བཤད་བྱེད་དགོས། ཕྱོགས་མང་རིང་ལུགས་དར་སྤེལ་དང་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་དེ་བས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འཛུགས་པ་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས། གསོན་ཉམས་ལྡན་ཞིང་མི་སེམས་འགུལ་བའི་དཔེ་མཚོན་སྣ་ཚོཌ་སྤྱོད་མཁས་པོ་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་དང་། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བློ་གྲོས་ལེགས་སྐྱེས་སུ་ཕུལ་བ་གསལ་བཤད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས། རྣམ་པ་སྣ་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་ཐབས་ལམ་སྣ་ཚོགས་བརྒྱུད་རང་རྒྱལ་དང་རྒྱལ་ཁབ་ཁག་གི་མི་ཆོས་རིག་གནས་སྤེལ་རེས་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་ཏེ་ང་ཚོའི་ལམ་ལུགས་དང་། རྩ་འཛུགས། མི་ཤུགས་བཅས་ཀྱི་ལེགས་ཆ་དེ་བརྒྱུད་སྤེལ་གྱི་ལེགས་ཆར་འགྱུར་བ་བྱེད་དགོས། རིམ་པ་མཐོ་བའི་རིགས་གཅིག་མཁས་ཅན་གྱི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱས་ཏེ་རྒྱལ་སྤྱིའི་ཚོགས་འདུའི་གླེང་སྟེགས་གལ་ཆེན་དང་ཕྱི་རྒྱལ་གྱི་གཙོ་རྒྱུན་སྨྱན་སྦྱོར་སོགས་ལས་སྟེགས་དང་ཐབས་ལམ་ལ་བརྟེན་ནས་སྐད་ཆ་ཤོད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་སོ་སོའི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གྱིས་ལས་དོན་སྤེལ་ཏེ་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་ནུས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་དགོས་མཁོ་དང་འཚམ་པའི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཕྱི་ཕྱོགས་སུ་གཏམ་བརྗོད་མ་ལག་འཛུགས་པ། བརྒྱུད་སྤེལ་སྒྱུ་རྩལ་མཐོ་རུ་གཏོང་བ་བཅས་བྱེད་དགོས། ས་ཁོངས་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་དང་ཉེ་བཅར་ཐུབ་པའི་གནད་སྨིན་བརྒྱུད་སྤེལ་བྱེད་སྟངས་སྤྱད་དེ་ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོའི་གསུང་སྒྲ་གོ་ལ་ཧྲིལ་པོ་ཅན་དང་། ས་ཁོངས་ཅན། ཚོགས་སྤྱི་སོ་སོ་ཅན་བཅས་ཀྱི་སྒོ་ནས་མཚོན་པར་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་བརྒྱུད་སྤེལ་གྱི་འབྲེལ་འདྲེས་ནུས་པ་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། གྲོགས་པོ་མང་པོ་སྒྲིག་པ་དང་མང་ཆེ་བར་མཐུན་སྒྲིལ་དང་བརྩོན་ལེན་བྱས་ཏེ་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོར་མཛའ་མཐུན་གྱི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་གྲོགས་ཚོགས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས། གླེང་ཕྱོགས་འཐབ་རྩོད་ཀྱི་ཐབས་ཇུས་དང་སྒྱུ་རྩལ་ལ་སྣང་ཆེན་བྱས་ཏེ་གནད་དོན་གལ་ཆེ་རིགས་ཐད་ཕྱི་ཕྱོགས་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།